​ཞེ་སྡང་ཆེ་བའི་བུད་མེད་ལ་ནད་རིགས་མང་པོ་འབྱུང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-03-11   རྩོམ་ཁུངས།    མཚོ་སྦོན་གསར་འགྱུར་དྲ་བ།

    འདོད་ཆགས་ཞེ་སྡང་གཏི་མུག་གསུམ། །ནད་རིགས་ཀུན་གྱི་རྩ་བ་ཡིན། །ཞེས་པ་ལྟར།བོད་ཀྱི་གསོ་བ་རིག་པའི་གཞུང་དུ་དུག་གསུམ་དུ་འབོད་པའི་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་གསུམ་གྱི་ཡ་གྱལ་ཞེ་སྡང་ལས་ནད་རིགས་མང་པོ་འབྱུང་ལ།བུད་མེད་ལ་མཚོན་ན་ལྷག་ཏུ་དེ་ལྟར་རོ། ། 

    གཅིག ནུ་མའི་གཤེར་རྨེན་གྱི་ནད།ཞེ་སྡང་ཆེ་བའི་བུད་མེད་རྣམས་ལ་ནུ་མའི་གཤེར་རྨེན་གྱི་ནད་རིགས་འབྱུང་ཚད་ཧ་ཅང་མཐོ།ཞེ་སྡང་ལངས་པའི་སྐབས་སུ་མཆིན་ཚད་རྒྱས་པ་དང་།ནུ་མ་ནི་མཆིན་རྩ་ཆེས་མང་བའི་གནས་སུ་ཡོད་པས།ཞེ་སྡང་ལངས་ན་མཆིན་རླུང་རྒྱུ་བར་བར་ཆད་ཐེབས་ཏེ།ནུ་མའི་ཤའུ་མཛེར་སྐྱེ་བ་རེད།དེ་ལས་གཞན་ད་རུང་རྒྱུན་དུ་ཞེ་སྡང་ལངས་ན་གསང་རྒྱུད་ཟགས་གཤེར་གྱི་བྱེད་ནུས་འཁྲུགས་པ་དེ་ཡང་ནུ་མའི་ཤའུ་མཛེར་སྐྱེ་བའི་རྒྱུ་རྐྱེན་གཙོ་བོ་ཞིག་ཡིན།ནུ་མའི་ཤའུ་མཛེར་སྐྱེ་ན་བུད་མེད་ཀྱི་ནུ་མར་ན་ཟུག་སྐྱེས་ཤིང་སྐྲང་འབུར་དང་འབུར་ཆུང་མངོན་པར་མ་ཟད།ནུ་མགོ་ནས་གཤེར་ཁུ་ཐོན་པ་རེད།

    གཉིས། ཟླ་མཚན་མི་སྙོམས་པ།རྒྱུན་དུ་སེམས་ཁམས་མ་སྐྱིད་ན་བུད་མེད་ལ་ལྷག་ཏུ་གནོད་འཚེ་ཆེན་པོ་ལྡན།སེམས་ཁམས་མི་སྐྱིད་པ་ལས་མོ་ནད་གང་མང་འབྱུང་སླ་ཞིང་།ཆེས་རྒྱུན་མཐོང་དུ་གྱུར་པ་ནི་ཟླ་མཚན་མི་སྙོམས་པ་དང་ཟླ་མཚན་ཕྱིར་འགྱངས་བྱེད་པ།ཟླ་མཚན་སྔོན་ལ་འབབ་པ་བཅས་སོ། ། 

    གསུམ། ཕོ་རྒྱུའི་ནད་རིགས། བུད་མེད་རྣམས་ཞེ་སྡང་ལངས་པའི་སྐབས་སུ།ཕོ་རྒྱུའི་ཁྲག་རྒྱུན་ཇེ་དལ་དུ་འགྲོ་ལ།དེས་ཕོ་རྒྱུའི་ནུར་འགུལ་ཇེ་དལ་དུ་གཏོང་བ་དང་།ཟས་རིགས་འཇུ་བ་དང་འཚོ་བཅུད་སྡུད་ལེན་བྱེད་པའི་བྱེད་ནུས་ཇེ་དམའ་རུ་གཏོང་བས།ཕོ་རྒྱུའི་བདེ་ཐང་ལ་གནོད་འཚེ་ཚབས་ཆེན་ཐེབས་སྲིད།ཟས་ལ་ཡི་ག་མེད་པ་དང་ཁོག་པ་སྦས་པ།གསུས་ཁོག་ན་བ་སོགས་ཀྱི་ནད་རྟགས་མངོན་ལ།ཐ་ན་ཕོ་རུལ་ཡང་འབྱུང་སྲིད།

    བཞི། ཀླད་སྙིང་གི་ནད་རིགས། བུད་མེད་རྣམས་ཞེ་སྡང་ལངས་པའི་སྐབས་སུ།ཀླད་པའི་ནང་དུ་བཞུར་བའི་ཁྲག་རྒྱུན་མྱུར་དུ་ཇེ་མཐོར་འགྲོ་བས།ཀླད་རྒྱུངས་ཀྱི་གནོན་ཤུགས་ཇེ་མཐོར་འགྲོ་ཞིང་།ཚབས་ཆེ་ན་མགོ་ཡོམ་འཁོར་བ་དང་མགོ་ན་བ་སོགས་ཀྱི་ནད་རྟགས་འབྱུང་ལ།ཐ་ན་ཀླད་ཁྲག་ཤོར་བའི་ཉེན་ཁའང་ཡོད།གཞན་ད་རུང་ཞེ་སྡང་ལངས་པའི་སྐབས་སུ་སྙིང་ལ་དབྱང་རླུང་གིས་མི་འདང་བའི་གནས་ཚུལ་འབྱུང་སླ་བས།སྙིང་གི་ཁུར་བོ་ཇེ་ལྗིད་དུ་གཏོང་སྲིད། །