བྱིའུ་དམར་ཏིག་ཁམ་མདོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-23   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    བྱིའུ་དམར་ཏིག་ཁམ་མདོག་གི་གཟུགས་པོའི་རིང་ཚད་ལ་ལི་སྨི་13ནས་16ཡོད། ཕོ་བྱའི་ཐོད་པ་དང་།མགོ་གཞོགས།སྐེ་གཞོགས།ཨོལ་གོང་ནས་བྲང་ངོས་མདོག་ནག་པོ་ཡིན།མགོ་དང་རྒྱབ་ཐལ་མདོག་གམ་སྐྱ་བོ་ཡིན། སྐེད་པ་དང་རྔ་མའི་སྟེང་དུ་སྒྲོ་བཀབ་པ།ཕྱི་གཞོགས་སུ་རྔ་སྒྲོ་དང་གསུས་པའི་མདོག་ཁམ་སེར་དང་། དཀྱིལ་དུ་ཁ་དོག་སྨུག་པོ།གཤོག་པ་གཉིས་ཀྱི་ཁ་དོག་ནག་པོ་བཅས་ཡིན་པ་རེད། མོ་བྱ་ཡི་སྟེང་དང་གཤོག་པ་གཉིས་ནི་སྨུག་སྐྱ་ཡིན་ལ།རྔ་མའི་སྟེང་གི་སྒྲོ་དང་ཕྱི་གཞོགས་ཀྱི་རྔ་སྒྲོ་ནི་སྨུག་སྐྱ་ཡིན། དཀྱིལ་དུ་རྔ་སྒྲོ་སྨུག་པོ་ཡིན། 

    བྱིའུ་དམར་ཏིག་ཁམ་མདོག་ནི་ཡོ་རོབ་དང་།ཨ་ཧྥེ་རི་ཁ་བྱང་མ།ཨེ་ཤ་ཡ་ནུབ་མ།ས་དབུས་རྒྱ་མཚོ།ཨེ་ཤ་ཡ་ཆུང་བ།ཕ་སྨིར་ས་མཐོ།ཀའོ་ཅ་སོའུ།ཨེ་ཤ་ཡ་དབུས་མ་སོགས་སུ་ཁྱབ་ཡོད། ས་མཐོའི་རྩྭ་ཐང་དང་།ལུང་ཁུག སྡོང་ཕྲན་ནགས་ཚལ།དེ་བཞིན་སྡོང་ཕྲན་ཐར་ཐོར་སྐྱེས་པའི་བྲག་རྡོའི་སྤང་ལྡེབས་དང་།ཐང་རྒོད།ས་ཞིང་བཅས་དང་གྲོང་ཚོའི་ཉེ་འགྲམ་གྱི་ནགས་སའི་ཁུལ་ཆུང་དེར་འཚོ་སྡོད་བྱེད་ཀྱི་ཡོད།དགུན་དུས་སུའང་རི་བོ་དམའ་པོ་དང་རི་ཁུལ་གྱི་མིས་བཟོས་ནགས་ཚལ་།ཤིང་འབྲས་ལྡུམ་ར།རོང་ཁུལ་གྱི་སྡོང་ཕྲན་ནགས་ཚལ་བཅས་སུ་འགུལ་སྐྱོད་བྱེད་བཞིན་ཡོད། སྐྱེ་འཕེལ་གྱི་དུས་ཕུད་པའི་དུས་རྒྱུན་དུ་ཁེར་རྐྱང་དུ་འགུལ་སྐྱོད་མང་ཙམ་བྱེད་དགོས། གཙོ་བོ་སྦུར་པ་དང་།གླང་ཆེན་སྣ་འབུ།རུས་སྦལ་སེར་པོ།གོམ་བགྲོད་འབུ།གྲོག་མ་སོགས་གཤོག་སྲབ་སྡེ་དང་།ཁྲབ་གཤོག་རིགས།གཤོག་སྐྱི་སྡེ་སོགས་འབུ་སྲིན་ཟ་བ་རེད།

    སེམས་ཀྱི་ཉི་ཟླ་ས་ཁུལ་དུ་བྱིའུ་དམར་ཏིག་ཁམ་མདོག་ནི་རྒྱུན་མཐོང་གི་བྱ་རིགས་ཤིག་ཡིན་པ་རེད།