རྒྱལ་ཐང་ཡུལ་གྱི་ལོ་གསར་ཚེས་གཅིག་ཞོགས་པར་བྱ་ཆུ་ལེན་སྲོལ།

རྩོམ་པ་པོ།   ཚེ་སྒྲོལ།  ཡིག་བསྒྱུར།       དུས་ཚོད།   2021-02-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

     ལོ་ལྟར་གྱི་ལོ་གསར་ཚེས་གཅིག་ཞོགས་པར་བོད་ཡུལ་མང་པོར་ཆུ་ལེན་པའི་སྲོལ་ཡོད་ལ།  ཡུལ་སྲོལ་གོམས་གཤིས་མི་འདྲ་བའི་རྐྱེན་གྱིས་ཆུ་ལེན་པའི་སྲོལ་ལའང་ཁྱད་པར་ཅུང་ཡོད། 

    ངའི་ཕ་ཡུལ་རྒྱལ་ཐང་ལུང་པའི་བེ་ནུ་ཕྱོགས་ཀྱི་བྱ་ཆུ་ལེན་སྲོལ་ལ་བཤད་ན།  ལོ་གསར་ཚེས་གཅིག་གི་ཞོགས་པར་བྱ་དང་རྩེ་འབྱིན་དུས་མལ་ལས་ལངས་ཏེ་ལུས་ལ་གོས་གཙང་མ་གྱོན་ནས་སྔོན་ནས་གྲ་སྒྲིག་བྱས་པའི་ཤུག་པ་དང་ཤོག་ཁྲ། འབྲུ་རིགས་སྣ་ལྔ།  དེ་མིན་བྱ་ཆུ་ལེན་སའི་ཡོ་བྱད་འཁྱེར་ནས་གྲོང་ཚོ་ནང་གི་ཆུ་བོའི་འགྲམ་དུ་འགྲོ་དགོས། བྱ་ཆུ་ལེན་སར་ཟིན་དུས་དང་ཐོག་ཤུག་པ་དེ་ཆུའི་འགྲམ་བཙུགས་དགོས་པ་དང་འབྲུ་རིགས་སྣ་ལྔ་ཆུའི་ནང་གཏོར་བའི་ཞོར་དུ་གསོལ་བ་འདེབས་དགོས་ལ།  དེ་ནས་བྱ་ཆུ་ལེན་ཆོག

  དེ་ཡང་བྱ་ཆུ་ལེན་ནས་ཁྱིམ་དུ་ལོག་རྗེས་རང་གིས་ལེན་པའི་བྱ་ཆུ་བགོས་ཏེ་ཆུ་ར་དང་ཐབ་ཁའི་སྟེང་གི་ཟངས་ཁོག་ནང་བླུགས་དགོས།   འགའ་རེས་ཡོན་ཆབ་བཤམས་པའང་ཡོད།      


    བྱ་ཆུ་ལེན་འགྲོ་དུས་རང་ཁྱིམ་གྱི་སྒོ་ནས་ཕྱིར་ཐོན་པ་དང་ཚུར་ལོག་པའི་བར་སྐད་ཆ་ཅི་ཡང་བཤད་མི་ཆོག་ལ།   རང་ཁྱིམ་གྱི་བྱ་ཆུ་ལེན་མཁན་ཕན་ཚུན་བར་དང་ལམ་བར་མི་གཞན་དང་འཕྲད་པ་ཚང་མ་དེ་འདྲ་ཡིན།