དེབ་གསར་《རིག་གནས་ཀྱི་ཟིན་ཐོ་སྨྱུག་རྩེའི་འཇའ་རིས་》འགྲེམ་སྤེལ་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-11   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།(གསར་འགོད་པ།པདྨ་མཚོ།ཚེ་རིང་དོན་འགྲུབ།)བོད་རབ་རྒྱན་ལྕགས་མོ་གླང་ལོའི་གནམ་ལོ་གསར་ཚེས་ལ།བདེ་ཆེན་ཉིན་རེའི་ཚགས་པར་ཁང་གི་མཐོ་རིམ་རྩོམ་སྒྲིག་པ་པདྨ་ཚེ་རིང་གི་བརྩམས་ཆོས་རིག་གནས་ཀྱི་ཟིན་ཐོ་སྨྱུག་རྩེའི་འཇའ་རིས་ཞེས་པ་དངོས་སུ་འགྲེམ་སྤེལ་བྱས་པ་རེད།

    བཀྲ་ཤིས་གནམ་ལོ་གསར་བར་རྟེན་འབྲེལ་གཡང་གི་ལེགས་སྐྱེས་ཤིག་གི་ཚུལ་བཞིན་ཕུལ་བའི་རིག་གནས་ཀྱི་ཟིན་ཐོ་སྨྱུག་རྩེའི་འཇའ་རིས་ཞེས་པའི་དཔེ་དེབ་ནང་བཀོད་པའི་ནང་དོན་མང་ཆེ་ཤོས་ནི་ངོ་མཚར་བའི་ཞིང་ཁམས་འདིའི་ལོ་རྒྱུས་གཏམ་རྒྱུད་དང་རིག་གནས་ཀྱི་སྣང་ཚུལ།   མི་སྣའི་ཉམས་འགྱུར་སྐོར་ཡིན། ཆུ་བོ་རྒྱུན་གྱི་བརྩོན་འགྲུས་ལ་བརྟེན་ནས་ལུ་གུ་རྒྱུད་དུ་སྤེལ་བའི་བརྩམས་ཆོས་འདི་དག་གི་ནང་དུ་ཁོང་གིས་གསར་འགྱུར་གྱི་མཐོང་སྣེ་འཚོལ་སྙེག་དང་རིག་གནས་ལ་བཅངས་པའི་བརྩེ་སེམས་མཚོན་ཡོད། 

    དཔེ་དེབ་འདིའི་སྒྲིག་གཞིའི་ནང་དོན་གཙོ་བོ་ནི་རིག་གནས་ཀྱི་སྐོར་ཡིན་ཞིང་།   དེ་དག་ཀྱང་ཆེད་དམིགས་ཀྱི་གསར་འགོད་དང་།  མི་སྣའི་ཆེད་བྲིས།   རིག་གནས་ཀྱི་དཔྱད་གླེང་།   གླེང་ཕྱོགས་ཀྱི་ལྟ་སྐུལ།   བརྙན་འཕྲིན་དང་པར་ལེན།    སློབ་སྦྱོང་དང་རྟོག་དཔྱོད་བཅས་ཚན་པ་དྲུག་གིས་གྲུབ་ཡོད།   དཔེ་དེབ་ཡོངས་སུ་ཡིག་འབྲུ་ཁྲི48ཡོད་ལ་རྣམ་པ་མི་གཅིག་པའི་རྩོམ་ཡིག54འདུས་ཡོད།   དེའི་ཁྲོད་དུ་ཆེད་དམིགས་ཀྱི་གསར་འགོད་སྐོར་གྱི་རྩོམ་ཡིག21དང་།    མི་སྣའི་ཆེད་བྲིས་སྐོར་གྱི་རྩོམ་ཡིག6     རིག་གནས་ཀྱི་དཔྱད་གླེང་སྐོར་གྱི་རྩོམ་ཡིག5     གླེང་ཕྱོགས་ཀྱི་ལྟ་སྐུལ་སྐོར་གྱི་རྩོམ་ཡིག6    བརྙན་འཕྲིན་དང་པར་ལེན་སྐོར་གྱི་རྩོམ་ཡིག4     སློབ་སྦྱོང་དང་རྟོག་དཔྱོད་སྐོར་གྱི་རྩོམ་ཡིག12འདུས་ཡོད།   འཐུས་ཚབ་རང་བཞིན་ལྡན་པའི་རྩོམ་ཡིག་འདི་དག་གི་ཁྲོད་དུ་རྩོམ་ཡིག10ལ་ཞིང་ཆེན་རིམ་པ་ཡན་གྱི་བྱ་དགའ་ཐོབ་ཡོད།     གཞན་ཡང་དཔེ་དེབ་ཡོངས་སུ་དངོས་བྲིས་རང་བཞིན་གྱི་པར་རིས275བཀོད་ཡོད་ཅིང་དེ་དག་ནི་བོད་ལྗོངས་དང་སི་ཁྲོན།   ཡུན་ནན།  ཀན་སུའུ།   མཚོ་སྔོན་དང་ཕྱི་གླིང་ནས་བླངས་པ་ཤ་སྟག་ཡིན་ལ་པར་དང་ཡི་གེ་སྦྲགས་མའི་ངང་ནས་མི་སྣ་ཕལ་བའི་གཏམ་རྒྱུད་བཀོད་ཡོད་པས་དུས་རབས་ཤིག་གི་འགྱུར་བའང་མཚོན་ཐུབ་ཅེས་བཤད་ཆོག 

 

    རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས། ཀྲང་གོ་ཧྭ། བོད་མིང་ལ་པདྨ་ཚེ་རིང་ཟེར།  བོད་རིགས།  ཀྲུང་གུང་ཏང་ཡོན། མཐོ་རིམ་རྩོམ་སྒྲིག་པ། 1967ལོའི་ཟླ་5ཚེས་4ཉིན་སྐྱེས་ཤིང་། སེམས་ཀྱི་ཉི་ཟླ་གྲོང་ཁྱེར་ལོ་ཅི་ཤང་མྱི་ཟུར་གྲོང་ཚོའི་མི་ཡིན།1987ལོའི་ཟླ་9པར་ལྷོ་ནུབ་མི་རིགས་སློབ་ཆེན་གྱི་བོད་སྐད་ཡིག་དང་རྩོམ་རིག་ཆེད་ལས་སུ་རྒྱུགས་འཕྲོད།1992ལོའི་ཟླ་7པར་སློབ་གྲྭ་ཐོན་རྗེས་ལས་གནས་སུ་ཞུགས་པ་རེད། ལོ་16རིང་ལ་རྒྱལ་ཁབ་དང་།ཞིང་ཆེན།ཁུལ་དང་གྲོང་ཁྱེར་བཅས་རིམ་པ་ཁག་གི་སྨྱན་སྦྱོར་གྱི་འཕྲིན་སྤེལ་མི་སྣ་བྱས་པ་དང་།དེ་རྗེས་སླར་ཡང་ལོ་12རིང་གི་གསར་འགྱུར་ལས་དོན་སྤེལ་ནས་བློ་རྩེ་གཅིག་སྒྲིམ་གྱིས་སྲོལ་རྒྱུན་སྨྱན་སྦྱོར་དང་གསར་དར་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཡག་པོ་གཏོང་བ་དང་ཆབས་ཅིག་མི་རིགས་ཀྱི་རིག་གནས་དང་བོད་རིག་པ་སློབ་སྦྱོང་དང་ཞིབ་འཇུག་ཐད་ཧུར་བརྩོན་བྱས་པ་རེད།བོད་རྒྱ་སྨྱན་སྦྱོར་གྱི་པར་ངོས་དང་དྲ་ངོས་སྟོང་ཕྲག་ཁ་ཤས་ཇུས་འགོད་དང་།ཞིབ་བཤེར།བོད་རྒྱ་སྐད་ཡིག་གཉིས་ཀྱི་མ་རྩོམ་དང་།ཆེད་རྩོམ།པར་རྒྱག་བརྩམས་ཆོས་བཅས་སྟོང་ལྷག་ཙམ་སྔ་རྗེས་སུ་རྒྱལ་ཁབ་དང་།ཞིང་ཆེན།ཁུལ་བཅས་རིམ་པའི་ཚགས་པར་དང་དུས་དེབ་ཐོག་བཀོད་ཡོད།ལོ་28རིང་རྒྱལ་ཁབ་དང་ཞིང་ཆེན་ཡན་གྱི་གསར་འགྱུར་ལམ་ཡང་ན་བྱ་དགའ་གཞན་དག་ཐེངས་བརྒྱ་ལྷག་ཙམ་ཐོབ་ནས་ལས་རིགས་གཅིག་པའི་ཁས་ལེན་དང་བསྔགས་བརྗོད་ཐོབ་ཡོད་པ་རེད།

    ས་གནས་ལོ་རྒྱུས་ཀྱི་ལས་ཀ་སྒྲུབ་པའི་རིང་།《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རྒྱུས》དང་།《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ཆོས་ལུགས་ལོ་རྒྱུས》《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་ལོ་རྒྱུས》《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་ལོ་རྒྱུས》སོགས་ལོ་རྒྱུས་དེབ་10རྩོམ་སྒྲིག་བྱས་ནས་བདེ་ཆེན་ཁུལ་གྱི་ས་གནས་ལོ་རྒྱུས་རྩོམ་སྒྲིག་ལས་དོན་གྱི་སྔོན་ཐོན་མི་སྒེར་ལ་བདམས་པ་རེད།

    འཐབ་ཕྱོགས་གཅིག་གྱུར་གྱི་ལས་དོན་སྒྲུབ་པའི་ལོ་11རིང་བརྟག་ཞིབ་སྙན་ཞུ་དང་དཔྱད་རྩོམ་བཅུ་གྲངས་བྲིས་པར་ཀྲུང་དབྱང་དང་ཞིང་ཨུ་འཐབ་ཕྱོགས་གཅིག་གྱུར་པུའི་གཟེངས་བསྟོད་ཐོབ་པ་མ་ཟད།བདེ་ཆེན་གྱི《ཀྲུང་གོའི་འཐབ་ཕྱོགས་གཅིག་གྱུར》ཐོག་རྩོམ་ཡིག་སྤེལ་མྱོང་མེད་པའི་ལོ་རྒྱུས་ཀྱི་སྟོང་ཆ་གསབ་ཡོད་པ་རེད།

    གསར་འགྱུར་གྱི་ལས་ཀ་སྒྲུབ་པའི་ལོ་12ཀྱང་གྲུབ་འབྲས་ཐོབ་པའི་ལོ་12རེད།བདེ་ཆེན་བོད་ཡིག་ཚགས་པར་ཡག་པོ་གཉེར་བའི་རྨང་གཞིའི་ཐོག་2013ལོའི་ཟླ་5པར་ལས་རོགས་ཚོ་དང་མཉམ་དུ་སྔ་རྗེས་སུ་སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ་དང་།བདེ་ཆེན་བོད་ཡིག་སྨྱན་སྦྱོར་འཕྲིན་སྟེགས།བདེ་ཆེན་བོད་ཡིག་ལག་འཕྲིན།སེམས་ཀྱི་ཉི་ཟླའི་བོད་ཡིག་Appསྟེགས་བུ་སོགས་བོད་ཡིག་སྨྱན་སྦྱོར་5བཙུགས་པ་དེ་དག་ཚང་མ་ཡུན་ནན་ཞིང་ཆེན་གྱི་མདུན་གྲལ་དུ་སླེབས་ཡོད་པ་རེད།2016ལོའི་ཟླ་11པར་བདེ་ཆེན་གྱི་བོད་ཡིག་སྨྱན་སྦྱོར་གྱི་གསར་གཏོད་རྣམ་གྲངས་ལ་སྐབས་དང་པོའི་ཀྲུང་གོའི་ཚགས་པར་ལས་རིགས་ཀྱི་གསར་གཏོད་རྣམ་གྲངས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ་པ་རེད།

   《བདེ་ཆེན་གྱི་དམངས་སྲོལ་རིག་གནས》དང་《ཕ་ཡུལ་མྱི་ཟུར་གྱི་དམངས་སྲོལ་རིག་གནས་གྱི་དྲན་ཐོ》སོགས་མི་སྒེར་གྱི་ཆེད་རྩོམ་དང་མཉམ་རྩོམ་8ཡོད་པ་རེད།2015ལོར་ཀྲུང་གོ་ས་ཁུལ་དང་གྲོང་ཁྱེར་ཚགས་པར་གྱི“པར་ལེན་གསར་འགོད་པ་ཆེ་གྲས་ལྔ་བཅུ་”ཡི་མཚན་སྙན་ཐོབ་པ་རེད།2016ལོར་བདེ་ཆེན་ཁུལ་གྱི་ཆེད་ལས་ལག་རྩལ་རིག་ཚན་གྱི་སྣེ་ཁྲིད་པ་ཁག་དང་པོར་གཏན་འཁེལ་བྱས།2018ལོར་ཡུན་ནན་ཞིང་ཆེན་གྱི“མི་ཁྲི་ཡི་འཆར་གཞི”རིག་གནས་མཁས་ཅན་གྱི་གྲས་སུ་བདམས་པ་རེད།