ལྕགས་བྱི་ལོ་བདེ་མོ་བྱོས། ལྕགས་གླང་ལོ་བཀྲ་ཤིས་ཤོག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-11   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚགས་པར།

ལྕགས་བྱི་ལོ་བདེ་མོ་བྱོས།

     2020ལོའི་ལྕགས་བྱི་ལོ་ནི་པྲོག་གསར་གློ་ཚད་ཀྱིས་ས་སྒང་རིལ་བོ་འདིར་མི་ཁྲི་བརྒྱ་དང་བརྒྱད་ཅུ་ལྷག་གི་ཚེ་སྲོག་ཁྱུར་མིད་དུ་བཏང་སྟེ་འཇིགས་སྣང་དང་མིག་ཆུས་བསྐྱལ་བའི་ལོ་ཟླ་ནག་པོ་ཞིག་ཡིན་སྟབས། མིའི་རིགས་ཐུན་མོང་གི་སེམས་ངོར་ནམ་ཡང་བརྗེད་ཐབས་བྲལ་བའི་འདས་དོན་གལ་ཆེན་ཞིག་ཏུ་གྱུར་ཡོད་པའང་སྨོས་ཅི་དགོས།

    སྤྱིར་ས་ཆུ་མེ་རླུང་སོགས་རང་བྱུང་ཁམས་ཆེན་མོའི་འབྱུང་ཁམས་འཁྲུགས་པ་ལས་བྱུང་བའི་རང་བྱུང་གནོད་འཚེ་དང་ནད་ཡམས་སྣ་ཚོགས་ཀྱི་འཇབ་རྒོད་དེར། ནང་བཅུད་ཀྱི་སེམས་ཅན་གྱིས་ནམ་ཡང་འགོག་རྒོལ་དང་དོ་ཟླ་བྱེད་མི་ནུས་པ་མ་ཟད། ཚན་རིག་པ་དང་ཆོས་ལུགས་པ། ཆབ་སྲིད་པ། དམག་དོན་པ། སློབ་གསོ་པ་སོགས་གང་གིས་ཀྱང་སྔོན་དཔག་དང་ཕྱིར་ཟློག་བྱེད་མི་ཐུབ་པས། པྲོག་གསར་གློ་ནད་ཀྱིས་ཕ་མ་བུ་ཕྲུག་དང་གྲོགས་གྲོགས་མོ་སོགས་ཆེས་སྙིང་ཉེ་བའི་མི་མང་པོ་མང་པོ་ཞིག རྩྭ་སྐྱ་མེ་ཡིས་ཚིག་པ་དང་ཤིང་ལོ་རླུང་གིས་གཏོར་བ་བཞིན་ལྷག་ལུས་མེད་པར་ཁ་འཐོར་དགུ་འཐོར་གྱིས་ཡ་བྲལ་དུ་བཏང་སྟེ། བདེ་སྐྱིད་དང་ལྷན་འཛོམས་ཀྱི་དགོད་སྒྲས་ཁྱབ་པའི་ཁྱིམ་གཞི་བགྲང་ལས་འདས་པ་ཞིག་སྡོང་མགོའི་བྱ་ཚང་རླུང་གིས་གཏོར་བ་ནང་བཞིན་སིལ་བུར་འཐོར་བ་ནི། ཚེ་མི་རྟག་རླུང་ཁའི་མར་མེ་དང་རྒྱུ་མི་རྟག་རྩྭ་མགོའི་ཟིལ་བ་ཞེས་ཆོས་ཐམས་ཅད་ཀྱི་རང་བཞིན་མི་རྟག་པ་ཡིན་པའི་ཆོས་ཉིད་ར་སྤྲོད་བྱས་ཤིང་། འགྲོ་བ་སྤྱི་མཐུན་གྱི་ལས་ལས་གྲུབ་པའི་ནད་ཡམས་དེར་འཁང་ར་དང་ལེ་བདའ། སྡིགས་མོ་དང་སྨྲེ་སྔགས་མི་འདོན་པར་ཁ་རོག་གེར་ཁུ་སིམ་མེར་མི་འདུག་རང་དབང་ཅི།

    ཡང་གཅིག་བཤད་ན2020ལོ་ནི་མིག་ཆུ་དང་ཕམ་ཁ་རྐྱང་རྐྱང་གིས་གྲུབ་པའི་ལོ་ཟླ་ནག་པོ་ནག་རྐྱང་ཞིག་ཀྱང་ག་ལ་ཡིན། དྲང་མོར་བཤད་ན། 2020ལོར་གཞུང་སྒེར་གཉིས་ཀྱི་ངོས་ཐད་ནས་རྒྱལ་ཁ་དང་གྲུབ་འབྲས་ཡང་མི་དམན་པ་ཞིག་བླངས་ཡོད་དེ། འཛམ་གླིང་ཐུན་མོང་གིས་སྙིང་སྟོབས་དང་མཐུན་སྒྲིལ་གྱི་དཔུང་གདང་མཉམ་གཤིབ་དང་གདུང་སེམས་མཉམ་བསྐྱེད་ཀྱིས་རོགས་རམ་དང་འབད་བརྩོན་བྱས་ཏེ། ལྷ་རྗེ་ཁྲི་སྟོང་མང་པོས་རང་སྲོག་ཕངས་མེད་ཀྱིས་ནད་ཡམས་ཀྱི་རྫོང་མཐུག་སར་ཕྱིན་ནས་ནད་ཐོག་སྨན་བཅོས་དང་ནད་ཡམས་སྔོན་འགོག་བྱས་ཤིང་། ཁྱིམ་མཚེས་རྒྱལ་ཁབ་དང་ས་གནས་མང་ཚོགས་ཀྱིས་གནོད་ཐེབས་ས་ཁུལ་དུ་ཞལ་འདེབས་དང་སྨན་རྫས། ཟས་གོས་སོགས་མི་ཤུགས་དངོས་ཤུགས་ཀྱི་མཐུན་རྐྱེན་གང་ལེགས་སྦྱར་ཏེ་མི་རིགས་དང་མེས་རྒྱལ་ལ་བྱས་རྗེས་བླ་ན་མེད་པ་བཞག་སྟེ། ལྷག་བསམ་གྱི་དར་དཀར་རིང་དུ་འཐེན་ཡོད་པ་འདིའང་ང་ཚོའི་རྒྱལ་ཁ་དང་གྲུབ་འབྲས་ཡིན། ད་དུང་ཚན་རིག་ལག་རྩལ་དང་བཟོ་ལས་འཛུགས་སྐྲུན། དབུལ་ཐར་འགག་སྒྲོལ། རིག་གནས་སློབ་གསོ། དམངས་ཀྱི་འཚོ་བ། སྐྱེ་ཁམས་སྲུང་སྐྱོབ། སྤྱི་ཚོགས་བདེ་འཇགས། འབྱོར་འབྲིང་སྤྱི་ཚོགས་སོགས་ཕྱོགས་མང་པོ་ཞིག་ནས་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་ཡོད། དེ་བས་ཉི་མ་ལ་འཆར་ནུབ་ཡོད་པ་དང་ཟླ་བར་འཕེལ་འགྲིབ་ཡོད་པ་བཞིན་དར་བའི་རྩེ་མོ་རྒུད་པ་དང་རྒུད་པའི་ཐ་མ་དར་བའང་ཆོས་ཉིད་ཡིན་པས། དགའ་སྐྱོ་དང་དར་རྒུད་ཟུང་འབྲེལ་གྱི་འདས་ཟིན་པའི་ལོ་ཟླ་དེར་ང་ཚོས་རི་རབ་ཀྱིས་མི་ཐེག་པའི་ཕམ་ཁ་ཉོས་མྱོང་ལ་ས་ཆེན་ལ་མི་ཤོང་བའི་རྒྱལ་ཁ་ཡང་བླངས་ཡོད།2020ལོ་སྟེ་ཁ་ཐུམ་བརྒྱབ་པའི་ལྕགས་བྱི་ལོའི་ལོ་ཟླ་རིང་མོ་བདེ་མོ་བྱོས།བདེ་མོ་བྱོས། ཆེས་བརྗེད་ཐབས་མེད་པའི2020ལོའི་ལྕགས་བྱི་ལོ།

ལྕགས་གླང་ལོ་བཀྲ་ཤིས་ཤོག

    2021ལོ་སྟེ་ལྕགས་མོ་གླང་གི་ལོ་ནི་སྣོད་བཅུད་འཆམ་མཐུན་མཉམ་གནས་ཀྱིས་བཀྲ་ཤིས་ཤིང་དོན་འགྲུབ་པའི་ལོ་ཟླ་དཀར་པོ་དཀར་རྐྱང་ཞིག་ཡིན་པར་སྨོན། རྒྱལ་ཁ་དང་གྲུབ་འབྲས་ཀྱིས་གཏམས་པའི་གཟའ་སྐར་འཕྲོད་སྦྱོར་ཕུན་སུམ་ཚོགས་པའི་ལོ་ཟླ་ཞིག་ཡིན་པར་སྨོན། དེ་ནི་མི་བུ་སྒེར་གྱི་རེ་འདོད་ཡིན་ལ་མིའི་རིགས་ཐུན་མོང་གིས་ཕུགས་འདུན་དང་ངང་སྒུག་བྱས་ཡོད་པའི་རེ་སྙེག་ཉག་གཅིག་ཡིན་པའང་བཤད་ཅི་དགོས།

    ང་ཚོས་མེ་ཏོག་མཉམ་བཞད་དང་མཁས་བརྒྱ་འགྲན་གླེང་གི་དུས་རབས་འདིར། ལྷག་བསམ་དང་མཛའ་མཐུན། སྤྲོ་སྐྱིད་དང་གུ་ཡངས། སྤོབས་པ་དང་ཡིད་ཆེས་བཅས་ཀྱིས་མདུན་སྐྱོད་བྱེད་དགོས། ལྷག་པར་དུ་ལོ་གསར་པའི་ནང་དུ་མི་དམངས་ཀྱི་ཚེ་སྲོག་དང་དཔལ་འབྱོར་ལ་གྱོང་གུད་མི་ཐེབས་པའི་ཆེད་དུ། དགྲ་མ་ཡོང་སྔོན་གྱི་དོགས་དང་ཆུ་མ་ཐོན་གོང་གི་རགས་ཞེས་པ་ལྟར། སྔར་ལས་ལྷག་པའི་སྒོ་ནས་པྲོག་གསར་གློ་ཚད་ལ་དོགས་ཟོན་དང་སྔོན་འགོག་གང་ལེགས་བྱེད་དགོས།2021ལོའི་ལོ་གསར་པའི་ནང་དུ་འཐབ་རྩོད་འཁྲུག་ལོང་དང་ནད་ཡམས་མུ་གེ་མེད་པར་འཛམ་གླིང་ཞི་བདེ་དང་མི་རིགས་མཐུན་སྒྲིལ། མེས་རྒྱལ་སྟོབས་ལྡན་དང་དབུལ་ཐར་ཕྱུག་འགྱུར། དམངས་སེམས་བདེ་སྐྱིད་དང་ཁྱིམ་གཞི་འཆམ་མཐུན། ཞིང་ལ་ལོ་ལེགས་འཁྲུངས་ཤིང་ཆར་ཆུ་དུས་སུ་འབབ་པ། མི་ལ་ནད་ཚ་མེད་ཀྱང་ཕྱུགས་ཀྱི་འཕེལ་ཁ་དར་བ། གཞོན་པའི་ལང་ཚོ་རྒྱས་ཤིང་རྒན་པའི་ཚེ་ཐག་རིང་བ་བཅས་མར་གྱུར་སེམས་ཅན་ཐམས་ཅད་ལ་མི་འདོད་པའི་རྐྱེན་ངན་དང་བར་ཆད་མེད་པར་བསམ་དོན་ཆོས་བཞིན་དུ་འགྲུབ་པའི་བཀྲ་ཤིས་ཤོག