བྱིའུ་དམར་མཆུ་སྣོལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        བྱིའུ་དམར་མཆུ་སྣོལ་ནི་བྱིའུ་དབྱིབས་ཁུག་རྟའི་བྱིའུ་ཚན་གྱི་ཁོངས་སུ་གཏོགས། ལུས་པོའི་རིང་ཚད་ལི་སྨི་17ཙམ་ཡོད།  གཟུགས་དབྱིབས་བྱིའུ་དམར་དང་འདྲ་མོད། འོན་ཀྱང་མཆུ་ཏོ་གོང་འོག་གུག་ཅིང་སྣོལ་བ་རེད།  བྱ་ཕོའི་ལུས་ཀྱི་སྒྲོ་མདོག་ནི་སོ་ཕག་དམར་པོའི་མདོག་ཡིན་ལ། མགོ་གཞོགས་སྨུག་ནག་ཡིན། གཤོག་པ་དང་མཇུག་སྒྲོ་ཁམ་ནག་ཡིན།  རྒྱབ་སྟོད་ཀྱི་སྒྲོ་མདོག་ཅུང་མུན་ནག་ཡིན་ལ།སྐེད་དང་བྲང་ཁོག་གི་དམར་པོ་ཆེས་བཀྲག་མདངས་ལྡན།  བྱ་མོ་ནི་སྐྱུ་རུ་རའི་ལྗང་མདོག་ཡིན་ལ། སྐེད་ནས་མཇུག་བར་ཁེབས་སྒྲོ་ལྗང་སེར་ཡིན། ནག་མདོག་ཁྲ་ཐིག་གསལ་ལ་མི་གསལ་ལྡན།  གཤོག་པ་དང་མཇུག་སྒྲོ་སྨུན་ནག་ཡིན།

        བྱིའུ་དམར་མཆུ་སྣོལ་ནི་འཛམ་གླིང་རང་བཞིན་གྱི་ཁྱབ་ཆེ་བའི་རིགས་ཞིག་ཡིན་ཏེ།  ཀྲུང་གོའི་ནུབ་ཕྱོགས་དང་ལྷོ་ནུབ་རྒྱུད།  བྱང་ཤར་ས་ཁུལ་སོགས་སུ་ཁྱབ་ཡོད་ལ།  ཕྱི་རྒྱལ་ནི་འབར་མའི་བྱང་ཕྱོགས་དང་རྒྱ་གར་གྱི་བྱང་ཤར་རྒྱུད། བལ་ཡུལ། འབྲས་ལྗོངས་སོགས་སུ་ཁྱབ་ཡོད།  རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3300ཡན་གྱི་མཐོ་རིའི་ལོ་མ་ཁབ་ཅན་གྱི་ནགས་ཚལ་དུ་བབ་སྡོད་བྱེད་པར་དགའ།  སྐྱེ་འཕེལ་དུས་ཚིགས་སུ་ཁེར་རྐྱང་ངམ་ཆ་འགྲིག་ནས་བྱ་འགུལ་བྱེད་པ་དང་དུས་ཚིགས་གཞན་པར་ཁྱུ་ཚོགས་ཀྱི་བྱ་འགུལ་བྱེད།  བྱིའུ་རིགས་དེ་ནི་གོམས་གཤིས་གྲུང་པོ་ཡིན་ཏེ། སྡོང་བོ་གཅིག་ནས་སྡོང་བོ་གཞན་ཞིག་ལ་འཕུར་བ་དང་གནས་བཅའ་ཤིན་ཏུ་ཉུང་།  སྐད་སྒྲ་རྣོ་ངར་ཆེ་ལ།  རྒྱུན་དུ་སོའུ།  སོའུ།  སོའུ་ཞེས་པའམ་ཡང་ན་ཀྲ།  ཀྲ།  ཀྲ་ཞེས་པའི་སྐད་སྒྲ་ཐོས།  གཙོ་བོ་རྗེན་སོན་རྩི་ཤིང་གི་ཟླུམ་འབྲས་ཟས་སུ་བྱས་ཏེ།  དཔེར་ན་ཐང་ཤིང་གི་ཟླུམ་འབྲས་དང་རྩི་ཤིང་གི་མེ་ཏོག  རྩྭ་སོན་སོགས་ལྟ་བུ། འབུ་སྲིན་ཡང་མཉམ་དུ་ཟ། 

        སེམས་ཀྱི་ཉི་ཟླའི་རི་ཁུལ་དང་ནགས་ཚལ་དུ་བྱིའུ་དམར་མཆུ་སྣོལ་ནི་རྒྱུན་མཐོང་གི་བྱ་རིགས་ཞིག་ཡིན།