རྟ་ཡི་རྒྱན་ཆས་དང་འབྲི་མོའི་བཞོ་ཐག་འུར་རྡོ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-02-03   རྩོམ་ཁུངས།    ཁམས་པའི་སྨྱན་སྦྱོར།

    རྟའི་རྒྱན་ཆས་རིགས་ལ་རྟ་སྒ།  རྟ་སྲབ།  རྟ་སྟན། རྟ་མཐུར།  རྟ་མགུལ།  དྲིལ་ཆུང་། རྟའི་རྔ་རྔོག་སླས་ཏེ་རྒྱན་ཆས་འདོགས་པ།  རྟ་རྒྱུགས་དང་འགྲོས་རྒྱུགས་བྱེད་སྲོལ་ཡོད་པ་ནི་འབྲོག་པ་ཚོའི་གོམས་སྲོལ་བཟང་པོ་ཞིག་ཡིན།  

    རྟའི་རྒ་ཆས།   

   རྟའི་རྒ་ཆས་ཟེ་བ་ནི།   རྟ་སྒ།   རྟ་སྟན།  རྟ་སྲབ་བཅས་ཀྱི་བསྡུས་མིང་ཡིན་ལ།  རྟ་སྒ་ནི་རྟ་བཞོན་པའི་སྐབས་སུ་རྟའི་རྒྱབ་ཏུ་སྟོད་དགོས་པའི་རྟ་སྒ་དང་རྟ་སྟན་ལ་ཟེར། རྟ་སྒའི་རིགས་ནི་ཤིང་སྒ།  རྡོ་སྒ།  ཀོ་སྒ། གསེར་སྒ་སོགས་ཅི་རིགས་ཡོད།  སྒའི་ལྷུ་ལག་ལ་སྔ་རུ་དང་ཕྱི་རུ་གཉིས།  སྒ་འབོལ།   རྟ་སྟན། ཡོབ་ཆེན།  རྨེད། བློ་ཐག་སོགས་ཀྱིས་གྲུབ།  རྟ་སྲབ་ལ་གསེར་སྲབ་དང་།  སྲབ་ཁྲ  རྒྱུན་སྲབ་སོགས་ཡོད།  སྲབ་ཀྱི་ལྷུ་ལག་ནི་སྲབ་མདའ།  ཁ་ལྷུ་སོགས་ཀྱིས་གྲུབ་ཡོད། 

    རྟ་མགུལ་དང་རྟ་མཐུར།

    རྟ་མགུལ་དང་རྟ་མཐུར་གྱི་རྒྱུ་ཆ་ནི།   ཟོག་གི་རྩིད་པ་དཀར་ནག་དང་ཁ་དོག་མི་གཅིག་པའི་སྟོང་སྐུད་སྣ་ཚོགས་སླས་ནས་ལས་པ་ཞིག་ཡིན་ལ།  རྒྱན་ཆས་འདི་དག་རྟའི་མགོ་ལ་བསྐོན་ན་མགོ་རྒྱན་ཡག་པ།  སྐེ་ལ་འདོགས་ན་སྐེ་རྒྱན་བྱེད་པ།  ལུས་ལ་བཏགས་ན་རྟ་ནད་འགོག་པ་སོགས་ཀྱི་དགེ་མཚན་བགྲང་རྒྱུ་ཡོད་པ་ཞིག་ཡིན། 

    འུར་རྡོའི་རྒྱུ་ཆ་ནི་ཟོག་གི་རྩིད་པ་དང་། ལུག་གི་བལ་གཉིས་གཙོ་བོར་བྱས་ནས་ལས་ཡོད།  འུར་རྡོ་ནི་རྫི་བོས་ཟོག་འཚོ་བྱེད་ཀྱི་ལག་ཆ་གལ་ཆེན་ཞིག་ཡིན། འུར་རྡོ་ལ་ཡ་མཆོག མར་མཆོག འུར་མཐིལ། ཚག་ལྕེ་སོགས་ཡོད།  རྫི་བོའི་ངག་རྒྱུན་ལ།  འུར་རྡོ་ཁྲ་ཆུང་གཟི་རེད།།   གཟི་རོགས་གངས་དཀར་སེམས་རེད།།  ཟེ་བ་དང་།  འུག་རྡོ་ཁྲ་ཁྲ་བཅུ་གཉིས་ལྷས།  ནོར་བརྒྱ་དེད་པའི་སེམས་རྟེན་ཡིན་ཟེར་བ་སོགས་འུར་རྡོ་ལ་བསྟོད་པ་དང་། འུར་རྡོའི་མགུར་གླུ་སོགས་ཀྱང་གང་མང་ཡོད་པ་ཞིག་རེད། 

    སྟོང་སྐུད་དཀར་ནག་གིས་སླས་པའི་འབྲི་མོའི་བཞོ་ཐག་ཁྲ་བོ།  

    ཟོག་གི་རྩིད་པ་དང་།  ལུག་གི་བལ།  སྟོང་སྐུད་དཀར་ནག་གིས་སླས་པའི་མདུད་པ་དགུ་སྒྲིལ་དང་།  ཆུ་མྱིག་དགུ་སྒྲིལ་སོགས་ཀྱི་ལག་གདུག་དང་། མཛུབ་དཀྲིས། སྐེ་རྒྱན་སོགས་ཡོད་ལ།  བལ་སྐུད་ཀྱིས་སླས་པའི་སྐེ་དཀྲིས་དང་།  ལག་ཤུབ་ཀྱི་ཐོག་ཏུ་བཀྲ་ཤིས་རྟགས་བརྒྱད་དང་། རྒྱ་ནག་ལྕགས་རི།  ཆུ་དང་བྲག་རི་སོགས་ཀྱི་རི་མོ་ཕབ་ནས་སླས་ཡོད་པ་དེ་དག་མིག་ལ་མཛེས་ཞིང་ལུས་ལ་འཇམ་པ། གནའ་བོའི་མི་རིགས་ཤིག་གི་ཁྱད་ཆོས་མངོན་ཤིང་།  དེང་རབས་སྤྱི་ཚོགས་ཤིག་གི་དགོས་མཁོ་སྐོང་ཐུབ་པའི་སྲོལ་རྒྱུན་གྱི་ཅ་དངོས་འདི་དག  གནའ་གྲོང་དང་མི་རིགས་རིག་དངོས་བཙོང་སའི་ཚོང་ཁང་དག་ནས་ཉོ་མི་ཐུབ་ལ།   དྲྭ་ལམ་དང་བཤམས་སྟོན་ཁང་སོགས་ནས་མཐོང་མི་ཐུབ་པ་ཞིག་ཆགས་འདུག