གཞི་རིམ་འབྲོག་སྡེ་ཞིག་ནས་དབུལ་སྐྱོར་བ་བྱས་པའི་མྱོང་ཚོར།

རྩོམ་པ་པོ།   བདེ་སངས་རིན་ཆེན་མཁར།  ཡིག་བསྒྱུར།       དུས་ཚོད།   2021-01-28   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ན་ནིང་དགུན་ཁར་ལས་ཁུངས་མགོ་ཁྲིད་ཀྱི་བཀའ་བཀོད་ལྟར་ང་རང་ལོ་ངོ་གཉིས་ལ་གཞི་རིམ་འབྲོག་སྡེ་ཞིག་ནས་འདུག་དགོས་བྱུང་། རྒྱལ་ཡོངས་སུ་ཏང་གི་ཚོགས་ཆེན་བཅུ་དགུ་བ་འཚོགས་པ་ནས་བཟུང་དབུལ་ཐར་འགག་སྒྲོལ་གྱི་ཚ་རླབས་ཞིག་འཕྱུར་བཞིན་པ་ཀུན་གྱིས་མིག་གིས་རིག་ཤིང་སྣ་བས་གོ་ནི་ཞིག་རེད། རྒྱལ་ཁབ་ཀྱི་ལས་བྱེད་པ་ཞིག་དང་ལྷག་པར་ཏུ་གུང་ཁྲན་ཏང་མི་ཞིག་ཡིན་པའི་ཆ་ནས་རང་ཉིད་ལ་འགན་ཁུར་གང་འཚམ་ཞིག་ཡོད་པའི་ངེས་ཤེས་སྐྱེས་ཡོད། དགུན་གཞུང་དེར་མཚེར་མ་དང་འདྲ་བའི་གྲང་ལྷགས་ཀྱིས་མི་རྣམས་ལ་གཙེ་བར་བྱེད་ཅིང་།  ཁ་བ་བུ་ཡུག་གིས་ནོར་འཛིན་སྒེག་མོར་དངུལ་དཀར་གྱི་ལྭ་ཞིག་བསྣམས་སུ་བཅུག་ཡོད་པའི་ཞོགས་པ་ཞིག་ལ།གཞལ་ཡས་ཁང་དང་གཉིས་སུ་མ་མཆིས་པའི་ཁུལ་སྲིད་གཞུང་གི་གཞུང་སྒྲུབ་ཐོག་ཁང་གི་སྒོ་ནས་བུད་དེ།   ལས་གྲོགས་ཚེ་རིང་ངེད་གཉིས་ཁོང་གི་རླངས་འཁོར་ལ་བསྡད་དེ་འབྲོག་སྡེ་དེའི་ཕྱོགས་སུ་གོམ་ཁ་བསྒྱུར་བ་ཡིན།

        ལམ་ཐག་ལ་སྤྱི་ལེ་བདུན་ཅུ་ཡས་མས་ཞིག་ལས་མེད་ཀྱང་།           འབྲོག་སྡེ་དེར་དེ་སྔོན་དབུར་སྐྱོར་གྱི་བྱ་བའི་དབང་གིས་ཐེངས་གཉིས་ཙམ་སོང་མྱོང་ཡང་།                   ལམ་ཧྲིལ་བོར་སེམས་ལྷོད་པོ་ཞིག་གཏན་ནས་མ་བྱུང་ཐལ།ཕྱོགས་གང་ཐད་ནས་ཆ་རྐྱེན་ཧ་ཅང་ཞན་པའི་གཞི་རིམ་འབྲོག་སྡེ་དེ་ནས་ཉིན་ཞག་བདུན་བརྒྱ་སུམ་ཅུ་ཙམ་ཇི་ལྟར་གཏོང་ངམ། ས་ཆ་དེའི་མང་ཚོགས་ཀྱི་འཚོ་བ་དང་ལས་ཀ་ག་འདྲ་ཡིན་ནམ།འབྲོག་སྡེ་དེ་ནས་འདུག་དགོས་པའི་ངའི་ལས་གྲོགས་གསར་བ་ཚོར་འབྲེལ་འདྲིས་བྱེད་སླ་མོ་ཡིན་ནམ། ལས་ཀ་ཅི་ཞིག་བསྒྲུབ་དགོས་སམ། ཟ་མ་དང་ངལ་གསོའི་ཆ་རྐྱེན་ག་འདྲ་ཞིག་ཡིན་ནམ་སོགས་དྲི་རྟགས་མང་པོ་ཞིག་གིས་ངའི་ཀླད་པའི་ནང་དུ་འཚང་ཁ་རྒྱག་གིན་འདུག་ལ། ལས་གྲོགས་ཚེ་རིང་གིས་ལམ་གང་བོར་སོས་དལ་བག་ཕེབས་ཀྱིས་ང་ལ་འབྲོག་སྡེ་ནས་བསྡད་པའི་མྱོང་ཚོར་དང་ཉམས་མྱོང་མང་བོ་ཞིག་ལབ་ཀྱིན་འབྲོག་སྡེ་དེར་ཐོན་སོང་། ཉལ་ཁྲིའི་སྟེང་ལ་ངའི་ཉལ་བསྟན་གཏིང་ནས་ངལ་གསོ་ཡུད་ཙམ་བྱས་རྗེས་ཚེ་རིང་ཕྱིར་ཁུལ་ཐོག་ལ་ཆས་སོང་། དེ་ལྟར་ངའི་སྡེ་སྡོད་རོགས་སྐྱོར་གྱི་འཚོ་བའི་མགོ་བརྩམས་པ་རེད།

        རྒྱལ་ས་པེ་ཅིན་ལྟ་བའི་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ནས་ལོ་ཁ་ཤས་ལ་སློབ་གཉེར་བྱེད་མྱོང་བའི་བདག་ལ་མཚོན་ན་ཁུལ་ཐོག་གི་གྲོང་ཁྱེར་ཡང་ཁོར་ཡུག་དང་དཔལ་འབྱོར་གང་ཐད་ནས་རྗེས་ལུས་ཡིན་པའི་ཚོར་སྣང་ཡོད་པས། ད་ལྟ་དུད་ཁྱིམ་བརྒྱ་ཕྲག་ལྷག་ལས་མེད་པའི་འབྲོག་སྡེ་འདི་ནས་འཚོ་བ་རོལ་ཞིང་བྱ་བ་བྱས་ན་དཀའ་ཁག་མང་པོར་འཕྲད་སྲིད་པར་ཐེ་ཚོམ་ཟ་མི་དགོས་པ་རེད།གང་ལྟར་ལས་དབང་ཞིག་གིས་སྡེ་བ་འདི་ནས་བགྲང་བྱ་གཉིས་ཅིས་ཀྱང་གཏོང་དགོས་པ་བྱུང་སོང་། ངས་ཀྱང་ཨམ་རྩིགས་བསྡམས་ནས་འདང་མང་པོ་མ་བརྒྱབ་པར་ཉིན་རྒྱུན་གྱི་ལས་ཀའི་སྟེང་ལ་བརྩོན་པ་ལྷུར་ལེན་བྱས་པ་ཡིན། ཟ་མ་རང་གིས་ལས་དགོས་པ་མ་ཟད་ཐ་ན་ཆུ་ཞིག་བསྐོལ་ན་ཡང་རང་གིས་མེ་གསོ་དགོས་པ་རེད། དང་ཐོག་འདི་ལྟ་བའི་འཚོ་བ་ལ་གོམས་ལོབས་དེ་འདྲ་མི་འགྲོ་ཡང་སློབ་འབྲིང་ལ་མ་ཞུགས་སྔོན་ལ་ང་ཡང་གཞི་རིམ་གྱི་འབྲོག་ཕྲུག་ཞིག་ཡིན་པས་འབྲོག་པའི་འཚོ་བར་བག་ཆགས་ཅུང་ཟད་འདུག དེ་ལྟར་རིམ་གྱིས་གོམས་གཤིས་སུ་ཆགས་སོང་། 

        སྔོན་ཆད་སློབ་གྲྭ་ཆེན་མོ་ན་ཡོད་དུས་འཚོ་བའི་ཐད་ལ་སྟབས་བདེ་ཡིན་པ་མ་ཟད་སློབ་སྦྱོང་ཡང་ཅུང་ལྷོད་གཡེང་ཤོར་སོང་བས། ད་ལྟ་ངེས་པར་ཏུ་སློབ་འབྲིང་སྐབས་ཀྱི་འཚོ་བའི་གོམས་གཤིས་དང་སློབ་སྦྱོང་གི་འདུན་པ་བཟང་བོ་དེ་དག་སླར་ཡང་བསྐྱང་དགོས་བ་འདུག  ང་ཚོར་དབུལ་སྒྲོལ་འགག་སྒྲོལ་རུ་ཁག་དང་དབུལ་སྐྱོར་རུ་ཁག་གཉིས་ཀྱི་མི་བཅུ་གཅིག་ཡོད་ལ་དེའི་ཁྲོད་དུ་བུད་མེད་གསུམ་ཡོད། ཁོ་ཚོ་ནི་རྫོང་ཐོག་གི་ལས་ཁུངས་མི་འདྲ་བ་ནས་ཡོང་བ་ཡིན་ལ། སོ་སོའི་ཆེད་ལས་ཀྱང་འདྲ་གིན་མི་འདུག དེ་ནི་བྱ་བའི་ཁྲོད་ལས་བགོ་འོས་འཚམ་བྱེད་པར་སྟབས་བདེ་བོ་འདུག འབྲོག་སྡེ་འདི་རུ་ཚོན་མདངས་བཀྲ་བའི་གློག་སྒྲོན་དང་ཟས་གོས་ཁྲོམ་ར་སོགས་གཅིག་ཀྱང་མེད་མོད།  ད་དུང་མི་ཚོགས་འདུ་རུབ་ཡང་ཡོད་མི་སྲིད་ཀྱང་། གནས་འདི་རུ་མཚན་མོར་ལྷིང་འཇགས་ཀྱི་མུན་ནག་ཁྲོད་ན་སྒོ་ཁྱིའི་ཟུག་སྐད་ཡོད་ལ། དཔྱིད་ཀྱི་དཔལ་ཡོན་ཤར་ནས་དབྱར་ཟླ་ཚེས་དུས་གནས་འདི་ན་རྟ་བོའི་འཚེར་སྒྲ་དང་འབྲི་མོའི་ངུར་སྒྲ གཡང་དཀར་ལུག་གི་འབའ་སྒྲ་སོགས་ལས་ཅི་ཡང་མི་འདུག ཞོགས་པ་སྔ་མོ་ཤར་ཕྱོགས་ལྷུན་པོའི་ཕྲག་ནས་རྟ་བདུན་དབང་བོའི་འཛུམ་ཞལ་མངོན་དུས་། འབྲོག་མོ་ཚོས་སྤང་ལ་བཀྲམས་པའི་ལུག་ཁྱུ་ནི་ནམ་མཁའི་སྤྲིན་པ་ཐར་ཐོར་དང་ཀུན་ནས་མཚུངས། ཁོད་ཡངས་པའི་རྩྭ་ཐང་ནི་དར་གོས་ཀྱི་གདན་ཞིག་དང་འདྲ་བར་རྒྱང་རིང་ཕྱོགས་སུ་བཏིངས་འདུག སྤང་ཐང་དུ་བཞུར་བའི་དལ་འགྲོ་མ་ནི་དར་དཀར་ཡུག་གཅིག་དང་ཀུན་ནས་མཚུངས། མེ་ཡི་རྫིང་བུ་གཡའ་དག་ཅིང་ཆུ་འཛིན་ལེབ་མོ་དལ་བུར་བསྐྱོད།       ལྷག་པར་ཏུ་དབྱར་ཟླ་བཞི་བ་ཚེས་དུས་ཁུ་བྱུག་སྔོན་མོས་གསུང་སྐད་སྒྲོག་པ་ན། འབྲོག་མི་རྣམས་དབྱར་ཕ་མ་འདྲ་བོ་ཐོན་ཐལ་ཞེས་དགའ་བའི་དཔལ་གྱིས་བཟི་སོང་།        སྤྱིར་བཏང་ཡུལ་འདི་རུ་བཞི་བའི་སྨྱུང་གནས་དང་དྲུག་པའི་ལབ་ཙེ་བསྟོད་དུས་སྐྱེས་ཕོ་མོ་རྒན་གཞོན་ཐམས་ཅད་ལུས་ལ་རྒྱན་ཆ་བཏགས་ནས་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་སྟེ་སྡེ་བ་འདིར་འཛོམས་ནས་མི་རིགས་ཀྱི་ཁྱད་ཆོས་ཀྱིས་ཕྱུག་པའི་ལུས་རྩལ་འགྲན་ཚོགས་སོགས་སྤེལ་བ་མ་གཏོགས། ནམ་རྒྱུན་སྡེ་བའི་ནང་དུ་ལོ་ལོན་དང་བྱིས་པ་མ་གཏོགས་ཕལ་ཆེར་མཐོང་རྒྱུ་མི་སྣང་།   ལོ་ལོན་ཚོ་རྒྱུན་དུ་བྱིས་པ་སློབ་གྲྭར་བསྐྱལ་རྗེས་སྡེ་བའི་ལྟག་རྒྱབ་ཀྱི་རི་རྩ་ན་ཡོད་པའི་སྐུ་འབུམ་མཐར་སྐོར་རྒྱག་ཏུ་འགྲོ་བ་དང་ཁོ་ཚོའི་གོམ་འགྲོས་ནི་བརྟན་ཞིང་དལ་བ་དང་མི་ཆ་མེད་རེ་མཐོང་ན་འཛུམ་དམུལ་དམུལ་བྱེད་པ་དང་བརྩེ་བ་ཟབ་མོས་ཁྱིམ་ལ་ཡོང་ནས་རྩམ་པ་ཟོ་དང་མར་སོ་མ་ཡིན་ཟེར་བཞིན་འདུག ངས་གྲོང་ཁྱེར་ཆེན་པོ་དང་གཞི་རིམ་གྱི་འབྲོག་སྡེ་འདིའི་རིག་གནས་དང་བསམ་བློ། རིན་ཐང་ལྟ་བ་སོགས་ཀྱི་ཁྱད་པར་གཏོགས་སོང་།

        དབུལ་སྐྱོར་སྲིད་ཇུས་ཀྱི་ཉི་འོད་འཇམ་པོ་མཐའ་འཁོབ་ཀྱི་འབྲོག་སྡེ་འདི་རུ་འཕྲོས་པ་ནས་བཟུང་། འབྲོག་སྡེའི་འདིའི་མང་ཚོགས་ཀྱི་བསམ་བློ་དང་འཚོ་བ་རོལ་སྟངས་སོགས་ཀྱི་འཐད་ལ་འགྱུར་བ་བྱུང་དང་འབྱུང་བཞིན་འདུག འབྲོག་སྡེ་གསར་བ་འཛུགས་སྐྲུན་བྱེད་བཞིན་པ་དང་སྡེ་ལམ་སྡེ་བའི་མཐའ་སྐོར་ནས་ལས་པ་དང་། ཆུ་བོར་ཆུ་རགས་བསྐྲུན་པ། ཁོར་ཡུག་གཙང་སྦྲ་སོགས་བྱས་ནས་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བཞིན་འདུག འབྲོག་དམངས་ཀྱི་གདོང་ལ་འཛུམ་དང་རེ་བས་ཁེངས་ཤིང་སེམས་ལ་སྤྲོ་སྣང་ཤར་ནས་བདེ་སྐྱིད་ཀྱི་དཔལ་ལ་རོལ་བཞིན་འདུག ལྷ་ས་ལ་མཆོད་འཇལ་དུ་འགྲོ་བ་དང་ནང་ལོགས་སུ་ཞོར་ལས་ལ་འགྲོ་བ། མཉམ་ལས་ཁང་འཛུགས་གཉེར་བྱེད་པ། གློག་རྡུལ་ཚོང་ལས་གཉེར་བ་སོགས་ཡོད་ལ།  འཚོ་བ་ཕུན་སུམ་ཇེ་ཚོགས་དང་འགྲིམ་འགྲུལ་སྟབས་ཇེ་བདེ་ལ་སོང་བ་འདི་ཏང་གི་བཀའ་དྲིན་དང་མེས་རྒྱ་སྟོབས་ལྡན་དུ་འགྱུར་བཞིན་པའི་རྟགས་མཚན་རེད་ཅེས་ཀུན་གྱིས་བསྟོད་པའི་མཐེ་བོང་བགྲེངས་གིན་འདུག 

        བགྲང་བྱ་གཅིག་དང་ཟླ་བ་ལྔ་ཙམ་གྱི་རིང་ལ་ངས་འབྲོག་སྡེ་འདི་ནས་ལྷིང་འཇགས་རྙེད་སོང་ལ། རང་བྱུང་ཁམས་ལ་བཅར་ནས་མིའི་རིགས་ཀྱི་གདོད་མའི་འཚོ་བ་རོལ་སྟངས་དང་ལོ་ངོ་སྟོང་ལྷག་གི་དད་པ་མཐོང་སོང་། ད་དུང་མེས་རྒྱལ་དེང་རབས་ཅན་དང་བཟོ་ལས་ཅན་དུ་འགྱུར་བའི་གོམ་སྟབས་ཇི་འདྲ་མགྱོགས་པ་མཐོང་སོང་། ངས་མུ་མཐུད་དུ་རང་གི་སྡེ་སྡོད་དབུལ་སྐྱོར་བྱ་བར་སྡོམ་ཚིག་བཟང་བོ་ཞིག་འཇོག་པར་འབད་བརྩོན་བྱེད་དགོས། ངའི་བསམ་པར་དབུལ་སྐྱོར་གྱི་བྱ་བ་འདི་ཧ་ཅང་རླབས་ཆེན་ཞིག་ཡིན་ལ། དོན་སྙིང་ཆེན་པོ་ལྡན་པའི་ལས་ཀ་ཞིག་རེད་འདོད། རྒྱུ་མཚན་ནི་ང་ཚོ་མི་རིགས་སོ་སོ་ཁྱིམ་ཚང་གཅིག་ལྟར་ས་སྒང་རིལ་བུ་འདིའི་སྟེང་འཚོ་གནས་བྱེད་བཞིན་ཡོད་པས། འཚོ་བ་དང་ཕྱོགས་གང་ཅིའི་ཐད་ལ་འདྲ་མཉམ་དང་མཉམ་གནས་ཞིག་ཡོང་ཐུབ་ན་བསམ་བྱུང་།                རང་ཅག་བོད་ཁ་བ་ཅན་གྱི་ལོ་རྒྱུས་ཁྲོད་དུ་ཡང་མངའ་བདག་ཁྲི་རལ་བ་ཅན་གྱིས་དབུལ་ཕྱུག་ཐེངས་གསུམ་སྙོམས་པའི་གནས་ཚུལ་ཡོད་པ་རེད། དེ་ཕྱིར་ངས་ལས་ཀ་འདིར་མཐོང་ཆེན་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། རང་གི་ནུས་ཤུགས་ཡོད་དགུས་རང་གི་བསྒྲུབ་འོས་པའི་བྱ་བ་དག་འབད་པས་སྒྲུབ་ཀྱིན་ཡོད། འདི་ཡང་རྒྱལ་ཡོངས་འབྱོར་འབྲིང་མངོན་འགྱུར་བྱེད་པའི་གོ་རིམ་ཞིག་ཡིན་པ་ལ་ངེས་ཤེས་ཟབ་མོ་སྐྱེས་ཡོད།