ལོ་གསར་སྐབས་འཁྱགས་གཏོང་བཟའ་བཅའ་འདི་དག་བཟའ་རུང་ངམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-28   རྩོམ་ཁུངས།    ཀྲུང་གོའི་བོད་སྐད་རླུང་འཕྲིན།

 རིམས་ནད་བྱུང་ཚུན་ནས་ནོར་ཤ་དང་པ་སྲ་ཉ། སིལ་ཏོག་སེའུ་སོགས་ཞིམ་ཟས་འདི་དག་དང་དེ་དག་གི་ཕྱི་ཐུམ་གྱི་ཉིང་སྐྱུར་ཞིབ་བཤེར་ཚད་ལེན་མཇུག་འབྲས་གདགས་གཤིས་མངོན་ཡོད་པའི་གནས་ཚུལ་ཐོན་པ་དང་། འཁྱགས་གཏོང་བཟའ་བཅའ་ནི་ང་ཚོའི་འཚོ་བའི་ཁྲོད་ཀྱི་རྒྱུན་མཐོང་གི་བཟའ་བཅའི་རིགས་ཤིག་ཡིན་པས། ད་ལྟ་དཔྱིད་གསར་དུས་ཆེན་དང་བར་ཐག་ཉིན་17ཙམ་ལས་མེད་པའི་སྐབས་འདིར། ཀུན་གྱིས་གཅིག་རྗེས་གཉིས་མཐུད་ངང་ལོ་སར་གྱི་ཉོ་ཆ་རྒྱག་གི་ཡོད། སེའུ་དང་མཚོ་ཟས་སོགས་འཁྱགས་གཏོང་བཟའ་བཅའ་ནི་ལོ་གསར་སྐབས་ཉོ་མཁན་མང་བས། ང་ཚོས་བློ་བདེའི་ཟས་ཞིམ་ཞིག་ཇི་ལྟར་རོལ་དགོས་སམ་ཞེ་ན། གཤམ་གྱི་དྲི་བ་དྲིས་ལན་ཁག་ལ་གཟིགས་ན་མཁྱེན་ཐུབ།

     དྲི་བ། ཅི་ཞིག་ལ་འཁྱགས་ཕྲེང་ཟེར།

     ལན། འཁྱགས་ཕྲེང་ཞེས་པ་ནི་ཐོན་རྫས་ཁག་ཅིག་ལས་སྣོན་དང་བསྡུ་ཉར། སྐྱེལ་འདྲེན། བགོ་འཚོང་དང་སིལ་འཚོང་། བེད་སྤྱོད་བཅས་བྱེད་པའི་གོ་རིམ་ཁྲོད་དུ། བརྒྱུད་རིམ་ཧྲིལ་པོར་ཐོན་རྫས་དེ་ལ་མཁོ་བའི་དྲོད་ཚད་ངེས་གཏན་གྱི་ཁོར་ཡུག་ཁྲོད་བཞག་སྟེ། ཟད་གྲོན་ཉུང་གཏོང་དང་། སྦགས་བཙོག་དང་རུལ་འགྱུར་མི་ཡོང་བ་བྱས་ནས། ཐོན་རྫས་ཀྱི་བདེ་འཇགས་འགན་ལེན་བྱེད་པའི་དམིགས་བསལ་མཁོ་སྤྲོད་ཕྲེང་ཐག་མ་ལག་ལ་ཟེར། འཁྱགས་ཕྲེང་ནི་ཐོག་མའི་ཞིང་ལས་ཐོན་རྫས་དང་ལས་སྣོན་བཟའ་བཅའ། དམིགས་བསལ་ཚོང་ཟོག་སོགས་ཀྱི་ཁྱབ་ཁོངས་སུ་རྒྱ་ཆེར་སྤྱོད་པ་དང་། དེའི་ཁྲོད་ང་ཚོའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པ་ནི་འཁྱགས་ཕྲེང་བཟའ་བཅའ་ཡིན།

     དྲི་བ། འཁྱགས་འཕྲེང་བཟའ་བཅའ་ལ་ནད་དུག་འགོ་སླ་བའི་རྒྱུ་མཚན་ཅི།

     ལན། ནད་དུག་འགོས་པའི་ཐོན་རྫས་མང་ཆེ་བ་ནི་ཉེན་ཁ་ཆེ་བའི་རྒྱལ་ཁབ་དང་ས་ཁུལ་ནས་ཐོན་པ་ཡིན་ཏེ། དཔེར་ན་ཨ་རི་དང་པ་ཙིར། ཡོ་རོབ་བྱང་མ་སོགས་ཡིན།

     ཏོག་གསར་ནད་དུག་གི་དྲོད་ཚད་དམའ་པོ་ཐེག་པའི་ཁྱད་ཆོས་ཀྱིས་འཁྱགས་མཛོད་ཀྱི་ཁོར་ཡུག་ཁྲོད་ལྷག་པར་དུ་གསོན་སླ་བ་ཡིན།

     ནང་འདྲེན་འཁྱགས་ཕྲེང་བཟའ་བཅའི་གྲངས་འབོར་མང་བ་དང་། འཐེན་བཤེར་བྱེད་སྐབས་མི་མངོན་པའི་ཉེན་ཁ་ཡོངས་ཤེས་རྟོགས་བྱེད་ཁག་པོ་ཡོད།

     དངོས་ཟོག་འདོན་འཇུག་གི་གོ་རིམ་ཡང་རིམས་འགོག་གི་དཀའ་གནད་ཆེ་ས་ཞིག་ཡིན།

     དྲི་བ། འཁྱགས་ཕྲེང་བཟའ་བཅའ་ཉོ་སྐབས་དོ་སྣང་བྱེད་དགོས་ས་ཅི་ཡོད།


     ལན། ཚད་ལྡན་གྱི་སྒོ་རྩིས་ཚོང་ཁང་ངམ་ཁྲོམ་ར་ནས་འཁྱགས་ཕྲེང་བཟའ་བཅའ་ཉོ་དགོས་པ་མ་ཟད་ཁ་རས་ཡང་དག་གྱོན་དགོས།

    ལག་པས་བཟའ་བཅའམ་དེའི་ཕྱི་ཐུམ་ལ་མི་རེག་པར། གཅིག་སྤྱོད་ལག་ཤུབས་གྱོན་ནས་འདེམས་དགོས།

     བཟའ་བཅའི་ཐོན་ཡུལ་དང་ཡོང་ཁུངས། ནང་འདྲེན་བཟའ་བཅའི་རིམས་ནད་ཞིབ་བཤེར་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ལ་དོ་ཁུར་བྱེད་དགོས།

     དངོས་ཟོག་ཉོས་རྗེས་དུས་ཐོག་ཏུ་ཆང་བཅུད་སྲིང་བལ་ལམ་ལག་བཀྲུའི་བཤེར་ཁུས་ལག་པ་གཙང་མར་བཀྲུ་དགོས།

     དྲི་བ། འཁྱགས་ཕྲེང་བཟའ་བཅའ་ཇི་ལྟར་ཐག་གཅོད་བྱས་ན་ད་གཟོད་བདེ་འཇགས་ཡོང་ངམ།


     ལན། ཐབ་ཚང་ནང་རླུང་རྒྱུ་རུ་འཇུག་རྒྱུ་རྒྱུན་འཁྱོངས་དང་། ཐབ་ཚང་གི་སྟེགས་བུའི་ངོས་དང་ཅ་སྣོད་ཕྱི་ངོས་རྒྱུན་དུ་གཙང་བཟོ་བྱེད་དགོས་པ་མ་ཟད་ཕྱི་བདར་དུག་གསོད་བྱེད་དགོས།

     ཤ་རིགས་ཐོན་རྫས་ཐད་ཀར་ཆུར་བཀྲུ་བ་སོགས་མི་བྱེད་པར། ཟེགས་འཐོར་བྱུང་བའི་སྦགས་བཙོག་མི་ཡོང་བ་བྱེད་དགོས་ཤིང་། སྦང་པའམ་འཕུར་ནས་འཁྲུ་བཤལ་གཏོང་ཆོག

     འཁྱགས་གཏོང་བཟའ་བཅའ་གཙང་འཁྲུད་དང་ལག་པས་རེག་རྗེས་སྔོན་ལ་ལག་པ་བཀྲུ་བ་དང་དེ་ནས་བཟའ་བཅའ་ཚོས་མར་རེག་དགོས། བཟའ་བཅའ་རྗེན་པ་དང་ཚོས་མ་སོ་སོར་འཇོག་དགོས།

    འཁྱགས་ཕྲེང་བཟའ་བཅའི་ཐད་སྤྱོད་པའི་སྣོད་དང་གྲི། གཙབ་གདན་སོགས་ཁ་ཁག་སོ་སོར་འཇོག་དགོས།

     དྲི་བ། བཟའ་བྱའི་འཁྱགས་གཏོང་མཚོ་ཟས་གཡོ་བསྐོལ་བྱེད་སྐབས་ཅི་ཞིག་ལ་དོ་སྣང་བྱེད་དགོས།


     ལན། བཟའ་བྱའི་འཁྱགས་གཏོང་མཚོ་ཟས་གཡོ་བསྐོལ་བྱེད་སྐབས་ཡོངས་སུ་ཚོས་པ་བྱེད་དགོས།

     མཚོ་ཟས་རིགས་མ་བཙོས་པར་ཟ་བའམ་ཕྱེད་ཙམ་ཚོས་པ། ཆང་གིས་སྦང་པ། སྐྱུར་ཁུས་སྦང་པའམ་ཚྭ་བསྙལ་བྱས་རྗེས་ཐད་ཀར་ཟ་རྒྱུར་འཛེམ་དགོས།

     མི་མང་མཉམ་དུ་ཁ་ལག་ཟ་སྐབས་སྤྱི་ཐུར་སོགས་སྤྱད་དེ། འདྲེས་སྣོལ་ནད་དུག་འགོ་བའི་ཉེན་ཁ་ཆུང་དུ་གཏོང་དགོས།

     དྲི་བ། ཚང་མས་ད་དུང་སེམས་བདེ་མོའི་ངང་འཁྱགས་ཕྲེང་བཟའ་བཅའ་ཉོ་ཐུབ་བམ།


     ལན། ཀྲུང་གོའི་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་རྒྱལ་ཁབ་བཟའ་བཅའི་བདེ་འཇགས་ཉེན་ཁ་དཔྱད་དཔོག་ལྟེ་གནས་ཀྱི་སྤྱི་ཁྱབ་བློ་འདྲི་བ་ཁྲེན་ཅུན་ཧྲི་ཡིས་བསྟན་དོན། མིག་སྔར་ཏོག་གསར་ནད་དུག་བཟའ་བཅའ་བརྒྱུད་ནས་འགོས་མཆེད་བྱུང་བའི་དཔང་རྟགས་མེད། ཏོག་གསར་གློ་ཚད་ནི་དབུགས་ལམ་འགོས་ནད་ཅིག་ཡིན་པ་དང་། བཟའ་བཅའི་ཐོན་ཁུངས་རང་བཞིན་གྱི་ནད་ཡམས་མིན། ཏོག་གསར་ནད་དུག་གཙོ་བོ་མིའི་དབུགས་ལམ་དང་མཆིལ་མ། མི་དང་མིའི་འབྲེལ་འདྲིས་རེག་ཐུག་བརྒྱུད་ནས་འགོས་ཁྱབ་བྱུང་བ་དང་། འཇུ་ལམ་བརྒྱུད་ནས་འགོ་བའི་ཉེན་ཁ་ཧ་ཅང་ཆུང་།