བོད་ཀྱི་གནའ་བོའི་དུས་ཚོད་བརྟག་ཐབས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-25   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར།

གྲལ་ཚེས།


       གྲལ་ཚེས་ནི། བོད་ཀྱི་དགོན་པ་ཁག་གིས་ཐུན་མིན་དུ་བཀོལ་བའི་ཚེས་གྲངས་བགྲང་བྱེད་ཀྱི་ཡོ་བྱད་ཅིག་སྟེ། མར་སྣེར་དར་ཚོན་འཕྱང་བའི་ཐུར་མ་བཅོ་ལྔ་ཐ་གུ་གཅིག་ཏུ་བསྟར་ལ་བརྒྱུས་ཏེ་ཀ་བ་གཉིས་ཀྱི་བར་དུ་བརྐྱངས་ཤིང་། ཚེས་རྟགས་ཞེས་ཡ་སྣེར་ལྕགས་ཀྱུ་དང་མར་སྣེར་མདོག་མི་གཅིག་པའི་དར་ཚོན་བཏགས་པའི་ཐུར་མ་གཞན་ཞིག་གིས་མཚམས་ཕྱེ་སྟེ་ཚེས་གྲངས་མི་ནོར་བར་བྱེད་པ། དེ་མིན། ཞལ་ཏ་བས། ཉིན་ལྟར་ཚེས་རྟགས་བསྣུར་ཅིང་། དེ་རིང་གྲལ་ཚེས་གསུམ་པ་སོགས་ཡིན་ཞེས་དགེ་འདུན་པར་སྙན་ཞུ་འབུལ་དགོས་སོ།།

ཆུ་ཚོད།


      ཆུ་ཚོད་ནི། ར་ལུག་སོགས་ཀྱི་ལྒང་བུག་གམ། ཕྲུ་མས་ལྒང་བུག་འཇོང་དབྱིབས་ཅན་ཞིག་བཟོས་པའི་ནང་དུ་ཆུ་བླུགས་པ་དང་། དེའི་ངོས་སུ་ཐུན་གསུམ་མམ་ཐུན་དྲུག་མཚོན་བྱེད་དུ། སྣག་ཚས་རི་མོ་ཤར་མ་དྲུག་འབྲི་བ་དང་། དེའི་མར་སྣེ་ལ་ཁབ་ཀྱིས་བུ་ག་བཏོད་པར་སྐུད་པ་ཕྲ་མོ་ཞིག་བརྒྱུས་ཏེ་བསྣར་བའི་སྣེ་ནས་ཆུ་ཐིགས་ཟགས་སུ་བཅུག་སྟེ། དུས་ཚོད་འཇལ་ཐུབ་པའི་ཡོ་བྱད་ཅིག་གོ།

ཉི་གྲིབ་ལ་བལྟས་ཏེ་དུས་ཚོད་ངོས་འཛིན་ཚུལ།

    ཉི་ཐིག་གོ་ཁར་ལྷུང་བ། ཉི་ཐིག་སྒྱེད་སྟེང་བརྒྱབ་པ། ཉི་ཐིག་ཡ་གྱུར་སླེབས་པ། ཉི་ཐིག་མཆིག་ཐོག་ཏུ་ཐོན་པ། ཉི་ཐིག་སྦྲ་ངོས་འབྱར་བ། ཞེས་དང་། སྐྱ་འདབས་བཀྱགས། ཤར་སྐྱ་བ། ནམ་ལངས་པ། རི་རྩེར་ཉི་མ་བརྒྱབ། ཉི་མ་ཤོད་ལ་ལྷུང་། ཉི་དྲོས། ཉིན་གུང་། ཉི་ཡོལ། ཕྱེད་ཡོལ། ཉི་ནུབ། སྲོད། མུན་རུབ་ཅེས་དང་། རང་གྲིབ་རང་ཞབས། རྩྭ་གྲིབ་ཤིང་གྲིབ་གུག་པ། གྲིབ་ཆེན་ཐང་ལ་ལྷུང་བ། ཉི་མའི་དམར་ཐག་ཆད་པ། ས་རྩ་རུབ་པ། མུན་རུབ་པ་སོགས་ཟེར་རོ།།

གྲིབ་ཚོད་སྐྱེས་བུ།   

      སྐྱེས་བུ་ནི། གཙོ་བོ་རབ་བྱུང་བས་བཀོལ་བའི་ཉི་གྲིབ་ལ་བརྟེན་ནས་དུས་ཚོད་འཇལ་བྱེད་ཤིང་གི་ཡོ་བྱད་རི་རབ་ཀྱི་དབྱིབས་ཅན་ཞིག་སྟེ། འདི་ལ་གྲིབ་ཚོད་སྐྱེས་བུའང་ཟེར། དགེ་ཚུལ་སློང་གི་སྡོམ་པ་མནོས་མཁན་ཚོའི་རྒྱུད་ལ་སྡོམ་པ་སྐྱེས་མ་ཐག་ཏུ། དུས་གོ་བས། སྐྱེས་བུ་ཡིས་དུས་ཚོད་འཇལ་ཞིང་། མྱུར་བར་ལོ་འདིའི། ཟླ་བ་འདིའི། ཉི་མ་འདིའི། ཉིན་མཚན་དང་སྔ་ཕྱིའི་ཆ་འདིའི། སྐྱེས་བུ་དང་སྐྱེས་བུའི་རྐང་གྲངས་འདིའི་སྐབས་སུ། ཉིད་ཀྱི་རྒྱུད་ལ་སྡོམ་པ་སྐྱེ་བ་ཡིན་ནོ། ཞེས་བརྗོད་དགོས་སོ།། 

ཟླ་བ་ཤར་དུས་ཀྱིས་ཚེས་གྲངས་ངོས་འཛིན་ཚུལ།

    ཚེས་གཅིག་ཚེས་རུ་ལྷས་རིག། ཚེས་གཉིས་ཚེས་རུ་འདྲེས་རིག ཚེས་གསུམ་ཚེས་རུ་མིས་རིག ཅེས་དང་། བཅུ་བཞི་ཉི་ནུབ་ཟླ་ཤར།། བཅོ་ལྔ་གཟའ་ཕྱེད་གོ་འདུས།། བཅུ་དྲུག་མཛོ་བོ་རྡང་དྲོས།། བཅུ་བདུན་ཁྱི་མགོ་བད་ཆགས།། བཅོ་བརྒྱད་ཁྲམ་པའི་འཇབ་ཁུང་།། བཅུ་དགུ་ནམ་གྱི་གས་གསུམ།། ཉི་ཤུ་ཕར་མ་ཚུར་ཕྱེད།། ཉེར་གཅིག་བཞོན་མ་མཉམ་ལངས།། ཞེས་སོགས་ཟེར་རོ།།

ཐུན་སྤོས།


    ཐུན་སྤོས་ནི། ཐུན་ཚད་འཇལ་བྱེད་ཀྱི་སྤོས་རིང་སྦོམ་ལ་ནུད་ཡུན་རིང་བ་ཞིག་སྟེ། ཐུན་སྤོས་རྐང་ཐུར་དྲུག་གིས་མུན་རུབ་པ་ནས་ནམ་ལངས་པའི་བར་འདང་ཞིང་། འདི་གཙོ་བོ་མཚམས་ལ་བཞུགས་མཁན་དང་། ཐུན་རེས་པ་ཚོས་དུས་ཚོད་འཇལ་བྱེད་དུ་བཀོལ་བ་ཞིག་གོ འདི་དག་ནི་གཙོ་བོ་མཚན་མོའི་དུས་ཚོད་འཇལ་བྱེད་ཡིན་ལ། ཟླ་བ་དང་། སྐར་མར་བལྟས་ཏེ་དུས་ཚད་ངོས་འཛིན་པའང་ཡོད་དོ།།

ཟླ་དབྱིབས་ལ་བལྟས་ཏེ་ཚེས་གྲངས་ངོས་འཛིན་ཚུལ།

        ཚེས་གསུམ་ཚེས་རུ་ཟོར་བ་གུག་འདྲ།། ཚེས་བརྒྱད་ཟླ་བ་ཟོམ་རྐུབ་བཀས་འདྲ།། ཚེས་བཅུ་ཕོ་ཐོང་བཀྱིག་འདྲ།། བཅུ་གཉིས་མི་མགོ་ཡོན་པོ།། བཅུ་གསུམ་ཁྱུང་གི་སྒོ་ང་།། བཅོ་ལྔ་ཆ་གང་ཉ་གང་།། ཉེར་གསུམ་དཀྱ་མ་དཀྱིལ་གཤགས།། ཉེར་བདུན་ཚེས་རུ་ཕྱིར་འཁོར།། ཞེས་ཟླ་གཅིག་ལ་ཉིན་སུམ་ཅུར་བརྩིས་པའི་ཉེར་བརྒྱད་ནས་ཚེས་གཉིས་བར་ལ་ཟླ་བ་མི་མཐོང་བས་ཉི་ཤུའི་སྨག་ནག་གི་སྒང་ཟེར། ཚེས་གསུམ་དང་བརྒྱད་དང་བཅོ་ལྔ་དང་ཉེར་གསུམ་དང་ཉེར་བདུན་བཅས་ཀྱི་ཟླ་བའི་དབྱིབས་ནི་ཚེས་གྲངས་འཆུགས་ཡོད་མེད་རྟོག་བྱེད་གཙོ་བོ་ཡིན་ནོ།།

ཐུན་རྐོང་།


    ཐུན་རྐོང་ནི། དུས་ཚོད་འཇལ་བྱེད་ལ་ཆེད་དུ་བཟོས་པའི་མཚན་ཐུབ་པའི་མཆོད་རྐོང་ངམ་མར་མེ་ཞིག་སྟེ། རྐོང་བུའི་ནང་གི་མར་ཁུའི་ཟད་ཚད་ལ་བལྟས་ནས་དུས་ཚོད་འཇལ་དགོས་ཤིང་། ཐུན་རྐོང་གི་སྡོང་བུའི་སྦོམ་ཕྲ་དང་། མར་ཁུའི་གར་སླ་སོགས་འཕྲོད་པོ་དང་རྒྱུན་གཏན་བྱ་ཐུབ་ན། དུས་ཚོད་ཤིན་ཏུ་ཐིག་པར་བཤད། རང་གའི་མར་མེ་ཡིས་དུས་ཚོད་འཇལ་བའང་ཡོད་དོ།།