སྐྱུར་ཆེན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སྐྱུར་ཆེན་ནི་བྱ་ཆེན་གྱི་རིགས་ཤིག་ཡིན་ལ། གཟུགས་པོའི་རིང་ཚད་ལ་ལི་སྨི་༦༥ཡོད། ལུས་པོ་ཅུང་སྦོམ་ལ་ཤ་རྒྱག་པ་ཞིག་ཡིན། སྐེ་དང་རྐང་པ་ཅུང་སྦོམ་ལ། མགོ་ཁམ་ནག་ཡིན་ལ་རྒྱབ་སེར་པོ་ཡིན།  ལུས་སྟེང་ན་སྒྲོ་པུ་ནག་པོའི་ཁྲ་རིས་ཡོད། མཆུ་ཏོ་ནི་ཁམ་སེར་ཡིན་ལ་རྐང་པ་སེར་ལྗང་། རི་ཁུལ་དང་དེའུ་འབུར་རམ། དེ་མིན་བདེ་ཐང་ས་ཁུལ་དུ་འཚོ་སྡོད་བྱེད་ལ། ཆུ་བོ་དང་མཚེའུ་རྫིང་བུའི་འགྲམ་གྱི་འདམ་རྩྭ་སོགས་སུ་ཡང་འཚོ་བར་དགའ་བ་རེད། སྐྱེ་འཕེལ་གྱི་དུས་ཚོད་ཕུད་རྒྱུན་དུ་ཁེར་རྐྱང་དུ་འཚོ་བཞིན་ཡོད།  མང་ཆེ་བ་ས་སྲོས་དང་དགོང་མོར་ཕྱིར་བུད་ནས་གཟན་འཚོལ་བ་སོགས་ཀྱི་འགུལ་སྤྱོད་བྱེད་པ་ཡིན་ལ་ཉིན་དཀར་རྩྭ་གསེབ་སོགས་ལ་ཡིབ་ནས་འདུག་པ་གོམས། སྐབས་འགར་ཉིན་དཀར་ཕྱིར་ཡོང་གཟལ་འཚོལ་བ་ཡང་ཡོད་པ་རེད།  གཟན་དུ་གཙོ་བོ་ཉ་དང་ཆུ་འབུ་གློ་ཉ།སྦལ་བ།སྡིག་སྲིན།དུང་དཀར།ཆུ་སྐྱེས་འབུ་སྲིན་སོགས་སྲོག་ཆགས་ཀྱི་རང་བཞིན་ལྡན་པའི་ཟས་རིགས་སྤྱོད་པ་རེད།

        སྐྱུར་ཆེན་དུས་རྒྱུན་རྩྭ་གསེབ་དང་འདམ་རྩྭའི་ཚོམ་བུ་དྲང་མོར་ཡར་ལངས་ནས་འདུག་ལ། མགོ་དང་སྐེ་དྲང་མོར་ཡར་བསྲིངས་ལ་ཁ་གནམ་ལ་གཏད་ནས་འདུག་རེད། མཐའ་ཁོར་གྱི་རྩྭ་སྐམ་པོ་དང་འདམ་རྩྭ་ཁོའི་ལུས་པའི་ཁ་མ་མདོག་དང་འདྲ་མཚུངས་ཡིན་པས། དབྱེ་འབྱེད་བྱེད་དཀའ་ལ།  རྐུང་ཡོབ་ཀྱི་ནུས་པ་ཆེན་པོ་ལྡན་པ་རེད། གལ་ཏེ་དངངས་སྐྲག་སྐྱེས་ནས་འུ་ཐུག་ཐབས་ཟད་ཀྱི་སྐབས་སུ་གཞི་ནས་འཕུར་འགྲོ་བ་རེད། 

        སྐྱུར་ཆེན་ཁྱབ་རྒྱ་ཧ་ཅང་ཆེ་བས་ཡོ་རོབ་གླིང་དང་། ཨ་ཧྥེ་རི་ཁ་གླིང་། ཨེ་ཤ་ཡ་གླིང་བཅས་ཚང་མར་ཡོད།སེམས་ཀྱི་ཉི་ཟླའི་སར་སྐྱུར་ཆེན་ནི་མཐོ་སྒང་བརླན་སའི་རྒྱུན་མཐོང་གི་དགུན་སྐྱེལ་བྱུ་རིགས་ཤིག་ཡིན།