ཀན་ལྷོ་ཁུལ་རྨ་ཆུ་རྫོང་གི་རྩྭ་ཐང་སྔོ་ཁེབས་ཁྱབ་ཚད98%ལ་སླེབས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-19   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

        ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ནགས་ལས་དང་རྩྭ་ཐང་ཅུའུ་རྩྭ་ཐང་སྲུང་སྐྱོང་འཛུགས་སྐྲུན་ཚན་ཁག་གི་འགན་འཁུར་བ་ཨན་ཞའོ་ཝེ་ཡིས་བཤད་རྒྱུར། 2017ལོ་ནས་ད་ལྟའི་བར། ཀན་ལྷོ་ཁུལ་རྨ་ཆུ་རྫོང་གིས་བསྡོམས་པས་རྩྭ་ས་བྱེ་འགྱུར་བཅོས་སྒྲིག་དང་མ་ལག་ཉམས་གསོ་མ་དངུལ་སྒོར་དུང་ཕྱུར13.4ཡན་མངོན་འགྱུར་བྱས་ཏེ། ལོ་མང་པོའི་བཅོས་སྐྱོང་དང་ཉམས་གསོ་བྱས་པ་བརྒྱུད། ད་ལྟ་རྨ་ཆུ་རྫོང་གི་རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད98.31%ལ་སླེབས་པ་དང་། རྩྭ་སའི་བྱེ་འགྱུར་གྱི་འཕེལ་རིམ་ལ་བཀག་འགོག་ནུས་ལྡན་བྱས་ཏེ། ས་གནས་དེའི་སྐྱེ་ཁམས་ཁོར་ཡུག་ཇེ་ལེགས་སུ་བཏང་ཡོད་ཟེར།

        2014ལོའི་རྒྱལ་ཡོངས་ཀྱི་ཐེངས་ལྔ་བའི་ཐང་རྒོད་བྱེ་འགྱུར་ཅན་གྱི་ལྟ་ཞིབ་མཇུག་འབྲས་ལྟར་ན། རྨ་ཆུ་རྫོང་གི་བྱེ་འགྱུར་ས་ཞིང་གི་གཞི་ཁྱོན་མུའུ་ཁྲི12.23ཟིན་པ་དང་རྨ་ཆུའི་འགྲམ་རྒྱུད་དུ་ཁྱབ་ཡོད་དེ། རིང་ཚད་ལ་སྤྱི་ལེ223ཡོད། དུས་ཡུན་རིང་བོར་བྱེ་རླུང་གང་སར་ཁྱབ་པ་དང་བསླད་སྐྱོན་ཐེབས་པའི་རྐྱེན་གྱིས། རྨ་ཆུ་རྫོང་གི་བྱེ་འགྱུར་ས་ཞིང་ཉེ་འགྲམ་གྱི་མུའུ་ཁྲི67.77ཡི་ས་རིམ་སྒྲིག་གཞི་དང་སྔོ་ཁེབས་ལ་འགྱུར་ལྡོག་བྱུང་སྟེ། བྱེ་འགྱུར་མངོན་གསལ་རེད།

        2017ལོར་རྨ་ཆུ་རྫོང་གིས་བྱེ་འགྱུར་རྩྭ་ཐང་སྲ་བརྟན་བཅོས་སྐྱོང་མ་ལག་ཉམས་གསོ་ལས་དོན་སྤེལ་ཏེ། སྔ་གཞུག་ཏུ་གཙོ་གནད་ལས་གཞི་རབ་དང་རིམ་པ་ལག་བསྟར་བྱས།  ལྟ་ཞིབ་བྱས་པའི་གཞི་གྲངས་ལྟར་ན། རྨ་ཆུ་རྫོང་གི་བྱེ་འགྱུར་ས་ཞིང་གི་གཞི་ཁྱོན་མུའུ་ཁྲི8.812ཇེ་ཉུང་དུ་གྱུར་བ་དང་27.9%ཆག་ཡོད། མངོན་མེད་བྱེ་འགྱུར་རྩྭ་ཐང་གི་གཞི་ཁྱོན་མུའུ་ཁྲི54.31ཇེ་ཉུང་དུ་སོང་ནས19.9%ཆག་ཡོད་པ་རེད།  །