བདེ་ཆེན་གྱི་འཐུས་མི་ཚོས་བསམ་འཆར་གང་དག་བཏོན་ཡོད་པར་གཟིགས་རོགས།༼ ༢ ༽

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-10   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

འཐུས་མི་དང་ཨུ་ཡོན་རྣམ་པ་ནི་མི་དམངས་མང་ཚོགས་ཀྱི་སེམས་གཏིང་སྨྲ་བའི་མགྲིན་ཚབ་པ་ཡིན།    ཁོང་ཅག་གིས་སློབ་གསོ་རིག་གནས་དང་།དབུལ་སྒྲོལ་འགག་སྒྲོལ། སྨན་བཅོས་འཕྲོད་བསྟེན་སོགས་ཕྱོགས་གང་ཅིའི་ཐད་ནས་མི་དམངས་མང་ཚོགས་ཀྱི་ཆེད་དུ་སེམས་གཏམ་སྨྲས་ཡོད་པས་ང་ཚོས་དེའི་སྐོར་གྱི་གནས་ཚུལ་ཞིབ་ཕྲར་གཟིགས་ན། 

    འཐུས་མི་ལི་ཅིན་ལེན་ཀྱིས་སྙན་ཞུ་ཉན་རྗེས་སེམས་འགུལ་ཧ་ཅང་ཆེན་པོ་ཐེབས། སྙན་ཞུའི་ནང་དོན་ཕུན་སུམ་ཚོགས་པ་དང་། གཙོ་གནད་འབུར་ཐོན་འདུག 2020ལོ་དང་ལོ་ལྔ་ཚན་བཅུ་གསུམ་པར་ཕྱིར་མིག་དང་ཕྱོགས་བསྡོམས་བྱས་ཡོད་ལ། 2021ལོ་དང་“ལོ་ལྔ་ཚན་བཅུ་བཞི་པའི་”དམིགས་འབེན་དང་ལས་འགན་ཁ་གསལ་བཟོས་ཡོད། སྙན་ཞུ་ནང་2020ལོར་རང་ཁུལ་གྱིས་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་བདེ་བླག་ངང་བཏོད་ཡོད་པ་དང་།རྗེས་ཕྱོགས་ཀྱི་ལོ་ལྔའི་ནང་སྲིད་གཞུང་གིས་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་།གྲངས་ཉུང་མི་རིགས་ཀྱི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་ཡག་པོ་བྱེད་པ།མི་རིགས་ཀྱི་སྟོབས་ཤུགས་དང་བློ་གྲོས་གཅིག་ཏུ་བསྡུ་བ།བདེ་ཆེན་གྱི་མི་རིགས་ཁག་གི་བུ་ཕྲུག་གིས་མཐུན་སྒྲིལ་བཅས་བྱས་ནས་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་བསྐྱོད་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

    འཐུས་མི་བསོད་ནམས་ཕུན་ཚོགས་ཀྱིས《སྲིད་གཞུང་གི་ལས་དོན་སྙན་ཞུའི》ནང་དོན་ཕུན་སུམ་ཚོགས་པ་དང་བསམ་ཕྱོགས་གསལ་ལ་བཀྲག་མདངས་འཚེར་བས་མི་སེམས་ལ་སྐུལ་མ་ཐེབས་བྱུང་། ཡན་མིན་ཤང་ནི་མི་རིགས་མང་པོ་དང་ཆོས་ལུགས་མང་པོ་མཉམ་དུ་གནས་པའི་ཤང་དང་གྲོང་རྡལ་ཞིག་ཡིན་པས། འཕེལ་རྒྱས་ཀྱི་རྒྱུ་རྐྱེན་མཐའ་འགྱུར་དང་། སྐྱེ་ཁམས་ཉམས་ཞན་སོགས་ཀྱི་ཁྱད་ཆོས་ལྡན། གོམ་སྟབས་རྗེས་མར《སྲིད་གཞུང་གི་ལས་དོན་སྙན་ཞུ》ནང་བཏོན་པའི་བླང་བྱ་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ནུས་ཤུགས་ཡོད་རྒུས་མི་རིགས་མཐུན་སྒྲིལ་གྱི་ལས་དོན་ཡག་པོ་བསྒྲུབས་ནས་རྒྱུ་མང་མཉམ་བསགས་དང་ཚི་ཀྲུང་མཉམ་འདྲེས་བྱེད་ཅེས་པ་དམིགས་ཚད་དུ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་ཚད་གཞི་ཡག་པོ་འཛུགས་རྒྱུའི་བརྩོན་ལེན་བྱེད་པ་དང་།དུས་མཚུངས་སུ་སྣོད་བཅུད་སྲུང་སྐྱོང་ལ་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཁུལ་ཡོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་མགྱོགས་པོ་གཏོང་རྒྱུ།ལྷག་པར་དུ་ཡུན་ནན་ཞིང་ཆེན་གྱིས་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་རུ་སྣེ་ཁྲིད་མཁན་བྱེད་པར་ཡན་མིན་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་བྱུང་།

    འཐུས་མི་ཞུང་ཅན་ཧུའེ་ཡིས་འགྲིམ་འགྲུལ་རྗེས་ལུས་ནི་འབའ་ལུང་གི་འཕེལ་རྒྱས་ལ་ཚོད་འཛིན་བྱེད་པའི་འགག་རྩ་ཡིན་པས།“ལོ་ལྔ་ཚན་བཅུ་བཞི་པའི”རིང་ས་དམ་ནས་འབའ་ལུང་བར་གྱི་མྱུར་བགྲོད་གཞུང་ལམ་རྣམ་གྲངས་བསྐྲུན་རྒྱུར་རྒྱབ་སྐྱོར་བྱེད་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད། གཞན་ཡང་མིག་སྔར་ཁུལ་ཡོངས་སུ་སྒྲིག་ཁོངས་མི་འདང་བའི་གནད་དོན་ཡོངས་ཁྱབ་ཏུ་གནས་པས་ཁུལ་རིམ་པས་གཅིག་གྱུར་ཐག་གཅོད་བྱ་རྒྱུར་བསམ་གཞིག་བྱེད་པ་དང་ལྷག་པར་དུ་སློབ་གསོ་དང་སྨན་བཅོས་ཐད་སྔོན་ལ་བསམ་གཞིག་བྱས་ནས་གཞི་རིམ་ཞབས་ཞུའི་ཐད་མི་སྣ་མི་འདང་བའི་གནད་དོན་ཐག་གཅོད་བྱ་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།

     འཐུས་མི་ལི་ཀོང་མིང་གིས་“ལོ་ལྔ་ཚན་བཅུ་བཞི་པའི”རིང་།རང་ཁུལ་གྱིས་རྒྱལ་ཁབ་ཀྱིས་སྤྱིལ་ཁྱིམ་ཁུལ་སྒྱུར་བཀོད་ལ་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་རྣམ་གྲངས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ་ཁུལ་ཡོངས་ཀྱི་གྲོང་ཁུལ་རྙིང་པར་སྒྱུར་བཀོད་བྱེད་མགྱོགས་སུ་གཏོང་བ་དང་།གྲོང་ཁུལ་རྙིང་པའི་འགྲིམ་འགྲུལ་དང་མིའི་འཚོ་སྡོད་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ།ལེ་ལག་ཚང་བའི་ཞབས་ཞུའི་སྒྲིག་བཀོད་འཛུགས་སྐྲུན་ཡག་པོ་བྱེད་པ་བཅས་དང་ཆབས་ཅིག་སྒྱུར་བཀོད་བྱེད་པའི་སྐབས་སུ་ས་གནས་དེ་གའི་མི་རིགས་རིག་གནས་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱ་རྒྱུར་དོ་སྣང་བྱས་ནས་གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་བཏང་སྟེ་གྲོང་ཁུལ་རྙིང་པའི་རྣམ་པ་གསར་དུ་འགྱུར་བ་བྱེད་དགོས་ཞེས་གྲོས་འགོ་བཏོན་པ།

     འཐུས་མི་ལི་ཅིན་ཧྭ་ཡིས་སྙན་ཞུའི་ནང་དོན་ཆ་ཚང་ལ་ཞིབ་ཅིང་ཕྲ་བ་ཞིག་ཡིན་པ་དང་།དངོས་ཐོག་བདེན་འཚོལ་གྱིས་2020ལོ་དང་འདས་ཟིན་པའི་ལོ་ལྔའི་རིང་གི་ལས་དོན་ལ་ཕྱོགས་སྡོམ་བྱས་པ་མ་ཟད།“ལོ་ལྔ་ཚན་བཅུ་བཞི་པ”དང་2021ལོའི་དམིགས་ཚད་གཙོ་བོ་དང་ལས་འགན་ཁ་གསལ་ཡང་བྱས་པ་རེད། སླད་ཕྱིན་གྱི་ལས་ཀའི་ནང་གཞི་རིམ་གྱི་འཐབ་ས་དང་པོར་རྒྱབ་སྐྱོར་དང་རོགས་རམ་མང་ཙམ་བྱས་ནས་འགྲིམ་འགྲུལ་དང་ཆུ་བེད་སྔར་བས་ལེགས་སུ་དང་འཐུས་ཚང་དུ་གཏོང་རྒྱུའི་རེ་བ་ཡོད་ཅེས་བཤད་པ་རེད།