གླག་སེར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-05   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན།

    གླག་སེར་ནི་བྱ་རྒོད་གཟུགས་ཀྱི་ཁྲ་ཚན་དུ་གཏོགས་ཤིང་།དེའི་རིང་ཚད་ལ་ལི་སྨི་90དང་གཤོག་པ་བརྐྱངས་ན་ལི་སྨི་200ཙམ་ཡོད། སྒྲོ་མདོག་ནི་ཁ་དོག་ཁམ་དམར་གཙོ་བོ་ཡིན་པ་དང་།འདབ་ཆགས་ཀྱི་སྔས་མགོའི་གནས་དང་འདབ་ཆགས་ཀྱི་ལྟག་སྒྲོའི་དབྱིབས་ཀྱི་སྤུ་མདོག་སེར་པོ་ཡིན་པས་མིང་དེ་ལྟར་ཐོགས་པ་ཡིན། དེའི་སུག་པའི་སྟེང་གི་རྐང་བ་སྦོམ་པོས་སྒྲོ་སྤུ་བཀབ་ཡོད་པ་དང་།རྔ་མའི་སྟེང་དུ་འཕྲེད་ཁྲ་ནག་པོ་མང་པོ་ཡོད། བྱིའུ་ཆུང་གི་ཕྱི་དབྱིབས་ནི་བྱ་དར་མ་དང་འདྲ་བ་ཡིན།འོན་ཀྱང་འཕུར་སྒྲོ་དང་མཇུག་སྒྲོའི་རྨང་དཀར་པོ་ཡིན་པ་དང་།མཇུག་སྒྲོའི་སྣེ་མོར་ནག་ཐིག་ཅིག་ཡོད།བྱ་ཕོ་མོ་གཉིས་ཀྱི་ཕྱི་དབྱིབས་འདྲ།

    གླག་སེར་ནི་སའི་གོ་ལ་ཕྱེད་བྱང་མར་ཁྱབ་ཅིང་།ས་མཐོ་དང་།ཐང་ཆེན།ཐང་རྒོད།ནགས་རིའི་ཁུལ་སོགས་སུ་འཚོ་སྡོད་བྱེད་ཀྱི་ཡོད།སྤྱིར་བཏང་དུ་ཁེར་རྐྱང་ངམ་ཡང་ན་ཕན་ཚུན་ཆ་བྱས་ནས་འགུལ་སྐྱོད་བྱེད་པ་དང་།དགུན་ཁར་སྐབས་འགར་ཅུང་ཆུང་བའི་ཚོགས་སྤྱི་གྲུབ་མོད།འོན་ཀྱང་མཚམས་རེར་གླག་སེར་20ཡས་མས་ཁྱུ་ཆེན་པོ་འདུས་ནས་མཉམ་དུ་རྔོན་དངོས་ཅུང་ཆེ་བ་འཛིན་པ་རེད།ཉིན་དཀར་བྲག་རྡོ་གཡང་གཟར་གྱི་རྩེ་དང་།ཡངས་ཤིང་རྒྱ་ཆེ་བའི་ས་ཁུལ་གྱི་མཐོ་ས་ནས་ངལ་གསོ་བ།ཡང་ན་རི་རྒོད་དང་དུར་ས།སྡོང་ཕྲན་ནགས་རྫོབ་སོགས་ནས་གཟན་ཆས་བཙལ་བ་རེད།

    གླག་སེར་ནི་ལྡིང་སྐོར་དང་གཡེང་འཕུར་ལ་མཁས་པ་ཞིག་ཡིན་ལ།རྒྱུན་དུ་མཐོ་སའི་ཕྱོགས་སུ་དྲང་ཐིག་གམ་སྒོར་ཐིག་གི་དབྱིབས་ལྟར་ལྡིང་སྐོར་རྒྱག་པ་དང་།ཕྱོགས་གཅིག་ནས་ས་ངོས་ལ་བལྟས་ནས་རྔོན་དངོས་འཚོལ་ཞིང་།གཤོག་པ་གཉིས་ཀྱི་སྟེང་དུ་“V”དབྱིབས་ལྟར་འདེགས་ལ།མཉེན་ཞིང་གང་ལ་གང་འཚམ་གྱི་གཤོག་པ་གཉིས་དང་མཇུག་མའི་འགྱུར་ལྡོག་གིས་འཕུར་སྐྱོད་ཀྱི་ཁ་ཕྱོགས་དང་མཐོ་ཚད།མྱུར་ཚད།འཕུར་སྐྱོད་ཀྱི་བཟོ་ལྟ་བཅས་སྙོམས་སྒྲིག་བྱེད་ཐུབ།རྔོན་དངོས་ཀྱི་ཁོངས་སུ་བྱའི་རིགས་དང་།རི་བོང་།འཕྱི་བ་དང་།ལུག་ཆུང་སོགས་སྲོག་ཆགས་སྣ་ཚོགས་ཚུད་ཡོད། སེམས་ཀྱི་ཉི་ཟླའི་ས་ཁུལ་དུ་གླག་སེར་ནི་ལོ་ཧྲིལ་པོར་མཐོང་རྒྱུ་ཡོད་མོད།འོན་ཀྱང་གྲངས་འབོར་ཉུང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁོངས་སུ་གཏོགས།