ཞི་ཅིན་ཕིང་གི་སྤྱི་ལོ་2021ལོའི་ལོ་གསར་ཤིས་ཚིག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2021-01-02   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

    གནམ་ལོ་གསར་བ་བསླེབ་ལ་ཉེ་བའི་སྐབས་འདིར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་འཕྲིན་སྦྲེལ་དྲ་བ་བརྒྱུད། 2021ལོའི་ལོ་གསར་གྱི་ཤིས་ཚིག་གསུངས་ཡོད་ཅིང་། ཤིས་ཚིག་གི་ནང་དོན་ཆ་ཚང་གཤམ་གསལ་ལྟར།

    ལྷན་རྒྱས་སྐུ་ཁམས་བཟང་། 2021ལོ་བསླེབ་ལ་ཉེ་བའི་མཚམས་འདིར། ངས་པེ་ཅིན་ནས་ཚང་མར་ལོ་གསར་པའི་བཀྲ་ཤིས་སྨོན་འདུན་ཞུས་པ་ཡིན།

2020ལོ་ནི་ཆེས་སྤྱིར་བཏང་མིན་པའི་ལོ་ཞིག་ཡིན། གློ་བུར་དུ་བྱུང་བའི་པྲོག་གསར་གློ་ཚད་རིམས་ནད་ཀྱི་མདུན་དུ། ང་ཚོས་མི་དམངས་གོང་དུ་བཀུར་བ་དང་། ཚེ་སྲོག་བླ་ན་མེད་པ་ཡིས་མི་ཡུལ་གྱི་བརྩེ་བ་ཆེན་མོར་འགྲེལ་བཤད་བྱས་པ་དང་། ཀུན་སེམས་གཅིག་སྒྲིལ་དང་སྙིང་སྟོབས་ཆེར་བསྐྱེད་ཀྱི་སྒོ་ནས་རིམས་འགོག་གི་ལོ་རྒྱུས་སྙན་ངག་བརྩམས་ཡོད། དཀའ་ངལ་མཉམ་སེལ་བྱེད་པའི་ཉིན་མོའི་ནང་། འཆི་ཉེན་ལ་མི་སྐྲག་པར་མདུན་དུ་བསྐྱོད་པའི་སྤོབས་སེམས་ཡོད་ལ། ཞུམ་པ་མེད་པའི་བརྟན་སྲུང་ཡང་ཡོད། དཀའ་སྡུག་མཉམ་མྱོང་གི་འགན་སེམས་ཡོད་ཅིང་། དཔའ་ངར་ཞུམ་མེད་ཀྱི་བློས་གཏོང་ཡོད་ལ། སོ་སྲུང་རོགས་རེས་ཀྱི་སེམས་འགུལ་ཡང་ཡོད། གོས་དཀར་ལྷ་རྗེ་ནས་མི་དམངས་ཀྱི་བུ་ཕྲུག་དམག་མི་དང་། ཚན་ཞིབ་མི་སྣ་ནས་སྡེ་ཁུལ་གྱི་ལས་དོན་པ། དང་བླངས་པ་ནས་ལས་གཞིའི་འཛུགས་སྐྲུན་པ། བགྲེས་སོང་རྒན་རྒོན་ནས་ལོ་རབས90པ་དང00ལོའི་རྗེས་སུ་སྐྱེས་པའི་གཞོན་ནུའི་མི་རབས་བཅས་མི་གྲངས་ལས་འདས་པ་ཞིག་གིས་སྲོག་ཉེན་ལ་མ་འཛེམས་པར་ལས་འགན་སྒྲུབ་པར་བསྐྱོད་པ་དང་། གཅེས་སེམས་ཆེན་པོས་དམངས་ལ་སྲུང་སྐྱོབ་བྱས། ཆུ་ཐིགས་བསགས་ནས་རྒྱ་མཚོ་འཁྱིལ་པའི་དཔེ་ལྟར་རླབས་ཆེན་སྟོབས་ཤུགས་ལ་བརྟེན་ནས་ཚེ་སྲོག་སྲུང་བའི་ལྕགས་རི་བརྟན་པོ་བསྐྲུན་ཡོད། བདེན་དོན་གྱི་ཆེད་དུ་ཕྱིར་བཤོལ་མི་བྱེད་པའི་མི་སྣ་རེ་རེ་དང་། ཡིད་སེམས་གཅིག་མཐུན་གྱི་སྟོབས་ཤུགས་སྦྲེལ་ཐེངས་རེ་རེ། མི་སེམས་འགུལ་བའི་རྣམ་པ་རེ་རེ་བཅས་ཀྱིས་རླབས་ཆེའི་རིམས་འགོག་སྙིང་སྟོབས་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད། སྤྱིར་བཏང་གི་བྱ་བའི་ཐོག་ནས་རླབས་ཆེན་བསྐྲུན་དགོས་པ་དང་། དཔའ་བོ་ནི་མི་དམངས་ཀྱི་ཁྲོད་ནས་ཡོང་བ་ཡིན་པས། མི་སུ་ཡིན་རུང་སྤྱིར་བཏང་པ་ཞིག་ག་ལ་ཡིན། སྟབས་མ་ལེགས་པར་ནད་གཞི་འགོས་པ་རྣམས་ལ་འཚམས་འདྲི་ཞུ་རྒྱུ་དང་། ཕལ་བའི་ཁྲོད་ཀྱི་དཔའ་བོ་རྣམས་ལ་གུས་འདུད་ཞུ། རླབས་ཆེན་གྱི་མེས་རྒྱལ་དང་མི་དམངས་ཀྱིས་ང་ལ་དཔའ་ངར་བསྐྱེད་ཡོད་པ་དང་། འབད་འཐབ་ཆེར་བསྐྱེད་ཀྱི་མི་རིགས་སྙིང་སྟོབས་ཀྱིས་ང་ཡི་སྤོབས་སེམས་བཏེགས་ཡོད།

     སྡུག་དུས་དཔའ་མཛངས་མངོན། འབད་པས་འབྲས་བཟང་སྨིན། ང་ཚོས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་དུ་བསད་དེ། རིམས་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་གཅིག་གྱུར་འཆར་འགོད་ལ་གྲུབ་འབྲས་གལ་ཆེན་བླངས་ཡོད། ལོ་ལྔའི་འཆར་འགོད་བཅུ་གསུམ་པ་ལེགས་པར་གྲུབ་ཅིང་། ལོ་ལྔའི་འཆར་འགོད་བཅུ་བཞི་པ་ཁྱོན་ཡོངས་ནས་ཇུས་འགོད་བྱས་ཡོད། འཕེལ་རྒྱས་ཀྱི་གནས་སྟངས་གསར་པ་གང་མགྱོགས་ཀྱིས་གཏོད་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་གཏིང་ཟབ་ངང་ལག་ཏུ་བསྟར་བཞིན་ཡོད། འཛམ་གླིང་གི་དཔལ་འབྱོར་མ་ལག་གཙོ་བོའི་ཁྲོད་རང་རྒྱལ་སྔ་མོ་ནས་འཕར་སྣོན་བྱུང་བ་མངོན་འགྱུར་བྱས་ཤིང་། སྔོན་དཔག་བྱས་ན་སྤྱི་ལོ2020ལོར་རྒྱལ་ནང་ཐོན་སྐྱེད་སྤྱིའི་རིན་ཐང་སྒོར་དུང་ཕྱུར་ས་ཡ་ཟིན་པའི་སྐས་རིམ་གསར་པར་སླེབས་ཡོད། འབྲུ་རིགས་ཐོན་སྐྱེད་ལ་ལོ་བཅུ་བདུན་ནང་བསྟུད་མར་ལོ་ལེགས་བྱུང་ཡོད། ཐེན་ཝུན་དང་པོ་རྟགས་ཅན་དང་། ཟླ་བའི་ལྷ་མོ་ལྔ་པ་རྟགས་ཅན། འབད་འཐབ་རྟགས་ཅན་སོགས་ཚན་རིག་རྟོག་ཞིབ་ལ་འགག་སྒྲོལ་ཆེན་པོ་བྱུང་ལ། ཧའེ་ནན་རང་མོས་ཉོ་ཚོང་གྲུ་ཁའི་འཛུགས་སྐྲུན་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད། ང་ཚོས་ད་དུང་ཆུ་ལོག་དང་ཞོད་སྐྱོན་གནོད་འཚེ་ཚབས་ཆེན་བཀག་འགོག་བྱས་པ་དང་། རྒྱ་ཆེའི་དམག་དམངས་ཀྱིས་དཀའ་ཁག་དང་ཉེན་ཁར་མི་འཛེམས་པར་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་ཆུ་ལོག་བཀག་པ་དང་གནོད་པ་སེལ་ཏེ། གྱོང་གུན་ཕོག་ཚད་ཆེས་ཆུང་བར་བཏང་ཡོད། ངས་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར13ལ་རྟོག་ཞིབ་བྱེད་སྐབས། ཚང་མས་རིམས་འགོག་གི་བྱ་ཐབས་ནན་ཏན་གྱིས་དོན་འཁྱོལ་བྱེད་བཞིན་ཡོད་པ་དང་། དུས་ཚོད་དམ་འཛིན་བྱས་ནས་ལས་འགོ་བསྐྱར་ཚུགས་དང་ཐོན་སྐྱེད་སླར་གསོ་བྱེད་པ། ནུས་ཤུགས་ཡོད་རྒུས་གསར་སྐྲུན་གསར་གཏོད་བྱེད་དེ། ཀྲུང་གོའི་ས་གཞི་ཆེན་མོར་བློ་སྤོབས་ཆེར་སྐྱེད་ཀྱིས་རང་སྟོབས་རང་སྤེལ་དང་སེམས་རྩ་བརྟན་པོ། ཉིན་མཚན་དབྱེར་མེད་ཀྱིས་ལས་ལ་འབད་པའི་རྣམ་པ་མཐོང་བས་དགའ་ཚོར་ཆེན་པོ་སྐྱེས་ཡོད།

2020ལོར། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་ལོ་རྒྱུས་རང་བཞིན་གྱི་རླབས་ཆེ་བའི་གྲུབ་འབྲས་ཐོབ་པ་དང་། དབུལ་ཐར་འགག་སྒྲོལ་ལ་རྒྱལ་ཁ་མཐའ་གཅིག་ཏུ་ཐོབ་ཡོད། ང་ཚོས་ཆེས་དབུལ་བའི་བཙན་རྫོང་གཏོར་ཆེད་འབད་བརྩོན་བྱས་ཏེ། ཆེས་དཀའ་ཚེགས་ཆེ་བའི་འགག་གནད་སེལ་ཡོད། དུས་ཡུན་ལོ་བརྒྱད་རིང་། ད་ལྟའི་ཚད་གཞིའི་འོག་གི་གྲོང་གསེབ་ཀྱི་དབུལ་ཕོངས་མི་འབོར་དུང་ཕྱུར་གཅིག་དབུལ་སྒྲོལ་བྱུང་བ་དང་། དབུལ་ཕོངས་རྫོང832ཀྱི་དབུལ་ཞྭ་ཕུད་ཡོད། ལོ་འདི་དག་རིང་། ང་རང་རྒྱལ་ཡོངས་ཀྱི་གཅིག་སྡུད་ཆེ་བའི་དབུལ་ཕོངས་ས་ཁུལ14ལ་བསྐྱོད་པ་དང་། ཡུལ་མི་ཚོས་ཡུས་ཀུང་གིས་རི་བོ་སྤོས་པའི་སྙིང་སྟོབས་བཅིངས་ཤིང་། རྒྱ་ཆེའི་དབུལ་སྐྱོར་ལས་བྱེད་པ་ཚོས་ཡོད་ཚད་ལེགས་སྐྱེས་སུ་འབུལ་བའི་བརྩེ་བ་རྣལ་མ་དག་རྟག་ཏུ་ཡིད་ལ་འཁོར་གྱིན་འདུག ང་ཚོས་ད་དུང་སྔོ་ལྗང་གི་ཁོར་ཡུག་བློས་མི་གཏོང་བར། ནན་ནན་ཏན་ཏན་གྱིས་ལས་དོན་ཡག་པོར་བསྒྲུབས་ཏེ། གྲོང་གསེབ་དར་རྒྱས་ཀྱི་མཛེས་སྡུག་ལྡན་པའི་རྣམ་པ་གཏོད་དགོས་པ་དང་། ཐུན་མོང་ཕྱུག་འགྱུར་གྱི་དམིགས་འབེན་ཕྱོགས་སུ་བརྟན་བརླིང་ངང་མདུན་སྐྱོད་བྱེད་དགོས།

    ད་ལོར། ང་ཚོས་ཧྲིན་ཀྲིན་སོགས་དཔལ་འབྱོར་དམིགས་བསལ་ཁུལ་བཙུགས་ནས་ལོ་ངོ40འཁོར་བ་དང་ཧྲང་ཧའེ་ཕུའུ་ཏུང་གསར་སྤེལ་སྒོ་དབྱེ་བྱས་ནས་ལོ་ངོ30འཁོར་བར་གཟབ་རྒྱས་ངང་རྟེན་འབྲེལ་ཞུས། དཔྱིད་དཔལ་རབ་ཏུ་བཞད་པའི་ལྷོ་རྒྱ་མཚོའི་འགྲམ་རྒྱུད་དང་། མཚར་སྡུག་རྣམ་པར་བཀྲ་བའི་ཧོང་ཕུའུ་གཙང་འགྲམ་ནས་བལྟས་ཚེ། ཡིད་ལ་ཚོར་འགྱུ་སྣ་ཚོགས་སྟེར་བ་དང་། སྔོན་ལ་ལག་བསྟར་དང་སྔོན་ལ་ཚོད་ལྟ་བྱེད་པ་དེ་ད་ལྟ་དཔེ་སྟོན་སྣེ་ཁྲིད་དུ་གྱུར་ཅིང་། གསར་སྐྲུན་འཚོལ་ཞིབ་བྱ་རྒྱུ་དེ་གསར་སྐྲུན་གྱི་ཁྲིད་སྟོན་བྱེད་པར་གྱུར་ཡོད།  སྒྱུར་བཅོས་སྒོ་དབྱེ་ཡིས་འཕེལ་རྒྱས་ཀྱི་ངོ་མཚར་བསྐྲུན་ཡོད་པས། མ་འོངས་པར། ད་དུང་བློ་སྤོབས་ཆེན་པོས་སྒྱུར་བཅོས་ཟབ་སྤེལ་དང་སྒོ་དབྱེ་རྒྱ་ཆེར་བཏང་ནས། དཔྱིད་ཀའི་གཏམ་རྒྱུད་དེ་བས་མང་པོ་བསྐྲུན་དགོས། 

    བདེན་པའི་གནས་ལུགས་རང་ལ་ཡོད་གྱུར་ན། ། གནམ་འོག་ཀུན་གྱིས་བརྩེ་བའི་གོང་ཏུ་བཀུར། ། ལོ་གཅིག་རིང་གི་དཀའ་ངལ་སྣ་ཚོགས་བརྒྱུད་རྗེས། ང་ཚོས་སྔར་ལས་ལྷག་པར་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་ཡིན་པའི་དོན་སྙིང་རྟོགས་ཡོད། ངས་རྒྱལ་སྤྱིའི་ཐོག་གི་གྲོགས་པོ་གསར་རྙིང་དག་ལ་ཁ་པར་ཐེངས་མང་བཏང་ཞིང“སྤྲིན་སྟེགས་ཚོགས་འདུ”མང་བོར་ཞུགས་ལ། བགྲོ་གླེང་བྱས་པ་ཆེས་མང་ཤོས་ནི་སྐྱིད་སྡུག་མཉམ་གནས་དང་མཐུན་སྒྲིལ་རོགས་རེས་ཀྱིས་རིམས་ནད་འགོག་བཅོས་བྱེད་པ་དེ་ཡིན། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་ལས་འགན་ལྕི་བས་འཛམ་གླིང་རྒྱལ་ཁབ་སོ་སོའི་མི་དམངས་ཀྱིས་ལག་གདང་སྦྲེལ་ཅིང་སྐྱིད་སྡུག་མཉམ་མྱོང་གིས་རིམས་ནད་ཀྱི་འཇིགས་སྣང་སྔ་ཙམ་ནས་སེལ་ཏེ་ཧུར་ཐག་སྒོས་སྔར་ལས་མཛེས་སྡུག་ལྡན་པའི་སའི་གོ་ལའི་ཁྱིམ་གཞིས་བསྐྲུན་དགོས།

    2021ལོ་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་དེ་རེད། ལོ་བརྒྱའི་རྒྱང་སྐྱོད་ཀྱི་ཟིལ་རླབས་ད་དུང་དགུང་དུ་འཕྱུར་ཡོད་ལ། ལོ་བརྒྱའི་ཕུགས་འདུན་གྱི་དད་སེམས་སྔར་ལས་བརྟན་པོ་ཡོད། ཧྲང་ཧའེ་ཧྲི་ཁུའུ་མིན་ནས་ཅ་ཞིན་ནན་ཧུའུ་མཚེའུའི་བར་དུ་གྲུ་ཆུང་དམར་པོ་ཞིག་གིས་མི་དམངས་ཀྱི་མངག་བཅོལ་དང་མི་རིགས་ཀྱི་རེ་བ་བཏེགས་ཏེ་དྲག་འབབ་ཆུ་བོའི་རྒྱུན་ལ་འགྲོགས་ཤིང་རྒྱ་མཚོའི་རླབས་ཕྲེང་ཟིལ་གྱིས་གཏོར་ནས། ཀྲུང་གོའི་སྣེ་ཁྲིད་པའི་བརྟན་བརླིང་རྒྱང་སྐྱོད་ཀྱི་བརྗིད་ཉམས་ལྡན་པའི་གྲུ་གཟིངས་ཆེན་པོ་ཞིག་ཏུ་གྱུར་ཡོད། སྐལ་བརྒྱའི་རླབས་ཆེན་བྱ་གཞག་དེ་ཏག་ཏག་ལོ་ངོ་བརྒྱ་ཡི་དུས་དང་བསྡོངས། ང་ཚོས་མི་དམངས་ལྟེ་བར་འཛིན་པ་དང་། ཐོག་མའི་བསམ་འདུན་ཡིད་ལ་བཅངས་ཤིང་འགན་འཁྲི་སེམས་སུ་བཟུང་ནས་རླུང་བརྟེན་རླབས་གཤགས་དང་གྲུ་གཡོར་འཕྱར་ནས་མདུན་སྐྱོད་བྱས་ན་གཞི་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་ཐུབ།

    “ལོ་བརྒྱ་གཉིས”ཀྱི་ལོ་རྒྱུས་འབྲེལ་མཚམས་སུ་ལངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པ་སྒོ་ཀུན་ནས་འགོ་འཛུགས་གྲབས་ཡོད་ལ། རྒྱང་སྐྱོད་ཀྱི་ལམ་བུ་རིང་བས་ངེས་པར་ཏུ་འབད་འཐབ་བྱེད་དགོས། ང་ཚོས་འབད་བརྩོན་གྱིས་དཀའ་ངལ་ཁྱད་བསད་བྱས་ཏེ་ཆུ་ཀླུང་མང་པོ་བརྒལ་ཟིན་ལ། ང་ཚོས་ད་དུང་མུ་མཐུད་དུ་འབད་བརྩོན་ཞུམ་མེད་ཀྱིས་མདུན་སྐྱོད་བྱས་ཏེ་སྔར་བས་འོད་སྟོང་འབར་བའི་གྲུབ་འབྲས་བསྐྲུན་དགོས།

སྐབས་འདིར། གློག་བཞུ་རྣམ་པར་བཀྲ། ཁྱིམ་མི་ལྷན་དུ་འཛོམས། ། ལོ་གསར་སླེབས་ལ་ཉེ་བའི་མཚམས་འདིར། བརྗིད་པའི་རི་ཀླུང་མཛེས་སྡུག་ལྡན་པ་དང་། རྒྱལ་ཁབ་དར་ཞིང་དམངས་རྣམས་སྐྱིད་པ། འཆམ་མཐུན་ཕྱྭ་གཡང་འཛོམས་ཤིང་བདེ་སྐྱིད་ཕུན་སུམ་ཚོགས་པར་ཤོག །

    ལྷན་རྒྱས་ཐུགས་རྗེ་ཆེ།