བྱ་ར།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-30   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

    བྱ་ར་ནི་འདབ་ཆགས་ལས་བྱ་རིགས་ཚན་པའི་ཁོངས་སུ་གཏོགས་ཤིང་ལུས་པོའི་རིང་ཚད་ལ་ལི་སྨི་43ཙམ་ཡོད།  མོ་བྱ་དང་ཕོ་བྱའི་མགོ་ལ་སྒྲོ་སྤུའི་ཞྭ་དབྱིབས་ཆགས་ཡོད།  བྱ་ར་ཕོ་བྱའི་མདོག་ནི་སྐྱ་མདོག་གཙོ་བོར་སྣང་།   བྲང་ཁོག་དང་གཤོག་སྒྲོའི་སྟེང་ལ་སྒྲོ་ལེབ་ཡོད་ལ་མཇུག་མའི་སྟེང་ལ་སེར་ཤ་མངོན།   མོ་བྱ་ཡིན་ན་ཁམ་ནག་ཅན་མང་།   བྱ་ར་ནི་ཀྲུང་གོའི་ལྷོ་ནུབ་རི་ཁུལ་དུ་ཡོད་པའི་བྱ་རིགས་ཤིག་ཡིན་ཞིང་།  ཀྲུང་གོའི་ལྷོ་ནུབ་རི་ཁུལ་གྱི་རི་མཐོའི་སྨྱུག་མའི་ནགས་ཚ་དང་།ཐང་ཤིང་འཛོམས་ས།  རི་མཐོའི་ནགས་གསེང་བཅས་སུ་འཚོ་ཞིང་།དུས་ཚིགས་ཀྱི་འགྱུར་ལྡོག་དང་བསྟུན་ནས་སྤོ་འགུལ་བྱེད་པའི་གོམས་གཤིས་ལྡན།  དབྱར་ཁར་ས་ངོས་མཐོ་ཚད་སྨི་3000ནས་སྨི4000ཡོད་པའི་རི་མཐོའི་སྟེང་དུ་གནས་སྤོ་བ་དང་།  དགུན་དུས་མང་ཆེ་བ་ནི་ས་ངོས་མཐོ་ཚད་སྨི་2600ཡོད་པའི་ས་རྒྱུད་དུ་འགུལ་སྐྱོད་བྱེད་ཀྱི་ཡོད།  བྱ་རས་གཙོ་བོ་རྩི་ཤིང་གི་ས་བོན་དང་།  མྱུ་གུ་གསར་པ།   ཤིང་འབྲས།  རྩ་བ་དང་དེ་བཞིན་སྔོ་དྲེག་རིགས།  འབུ་ཕྲ་རིགས།  བུར་ཤིང་རིགས་སོགས་ཁ་ཟས་སུ་བསྟེན།  ཤ་མོ་དང་འབུ་སྲིན།   འབུ་སྒོང་། མཉེན་གཟུགས་སྲོག་ཆགས་སོགས་ཀྱང་ཁ་ཟས་སུ་བྱེད།    བྱ་ར་འདི་འཕུར་སྐྱོད་བྱེད་པར་མི་མཁས།    གནོད་སྐྱོན་ལ་འཕྲད་དུས་མགྱོགས་པར་རྒྱུགས་པའམ་གབ་སྦས་བྱེད།    དངངས་སྐྲག་བྱུང་དུས་རྒྱུན་པར་ཏཱ་ཏཱ་ཏཱ་ཞེས་པའི་སྐད་སྒྲ་འབྱིན། 


     ཨེ་ཤེ་ཡའི་བྱ་རའི་རིགས་རྒྱུད་དབྱེ་སྟངས་ཅུང་རྙོག་འཛིང་ཆེ་ཞིང་།   མཁས་པའི་བར་རིགས་འབྱེད་བསམ་འཆར་ད་དུང་གཅིག་གྱུར་མིན།   རྒྱུན་པར་རིགས་རྒྱུད་12ནས14རུ་དབྱེ་ཡོད།   བྱ་རས་ཟླ5ནས་ཟླ6པའི་ནང་ཕྲུ་གུ་གསོ་སྤེལ་བྱེད་ཅིང་བྱ་ཕྲུག་གིས་གཙོ་བོ་འབུ་སྲིན་དང་ས་འབུ་ནག་རིང་ཟ་བ་ཡིན། 

     བྱ་ར་ནི་གཙོ་བོ་སེམས་ཀྱི་ཉི་ཟླའི་ནགས་གསེང་དུ་ཁྱབ་ཡོད་པ་དང་།  དབྱར་དཀྱིལ་དང་དཔྱིད་ཀའི་དུས་ལ་རྒྱུན་པར་མཐོང་།  བྱ་འདི་ཀྲུང་གོའི་རྒྱལ་ཁབ་རིམ་པ་གཉིས་པའི་སྲུང་སྐྱོབ་སྲོག་ཆགས་ཀྱི་ཁོངས་སུ་གཏོགས་པ་ཡིན།