ཁ་རས་རྒྱག་མཚམས་འཇོག་མི་རུང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-07   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        ཏོག་གསར་གློ་ཚད་རིམས་ནད་ཐོན་རྗེས་ཁ་རས་རྒྱག་པ་ནི་མི་རྣམས་ཀྱི་རྒྱུན་ལྡན་འཚོ་བའི་གོམས་གཤིས་ལྟ་བུར་གྱུར་ཡོད། འོན་ཀྱང་གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། རིམས་ནད་སྔོན་འགོག་ཚོད་འཛིན་ལས་ཀ་རྒྱུན་རྣམ་ཅན་དུ་འགྱུར་བ་དང་བསྟུན་ནས། ཕྱིར་སྐྱོད་སྐབས་ཁ་རས་མི་རྒྱག་པ་དང་ཐ་ན་མི་མང་པོ་འདུ་འཛོམས་བྱ་ཡུལ་དུའང་ཁ་རས་མི་རྒྱག་མཁན་མང་དུ་ཕྱིན་ཡོད་པ་རེད།

       དགུན་ཁ་སླེབས་པ་དང་བསྟུན་ནས་འཛམ་གླིང་ཐོག་ཏོག་གསར་གློ་ཚད་ཀྱི་ནད་དུག་འགོས་པའི་ནད་པའི་ཁ་གྲངས་འཕར་མགྱོགས་སུ་ཕྱིན་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་ནད་པའི་བསྡོམས་འབོར་ཁྲི་6336ལས་བརྒལ་ཡོད། རང་རྒྱལ་ལ་མཚོན་ན་མངའ་ཁོངས་ཕྱིའི་ནད་པ་ཐོན་སའི་རྒྱལ་ཁབ་ཀྱི་ཁ་གྲངས་མུ་མཐུད་ཇེ་མང་དུ་འགྲོ་བཞིན་ཡོད་པས་རིམས་ནད་འགོས་མཆེད་ཀྱི་ཉེན་ཁའང་ཇེ་ཆེར་འགྲོ་བཞིན་ཡོད། རྒྱལ་ནང་གི་ས་ཆ་མང་པོ་ཞིག་ཏུའང་རང་སའི་ནད་པ་ཐོན་བཞིན་ཡོད། ཟླ་11པ་ནས་ད་བར་རང་རྒྱལ་དུ་ནད་གཞི་གཏན་འཁེལ་བྱུང་བའི་རང་སའི་ནད་པ་61ཐོན་ཡོད། དགུན་དུས་སུ་དབུགས་ལམ་གྱི་འགོས་ནད་འབྱུང་སླ་དུས་ཡིན་པ་མ་ཟད་ཏོག་གསར་ནད་དུག་ཕོག་སླ་དུས་ཀྱང་ཡིན་པས། ད་ལོའི་དགུན་དུས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ནི་ཡིག་རྒྱུགས་ཆེན་པོ་ཞིག་དང་གཉིས་སུ་མེད།

       ད་ལོ་དགུན་ཁ། སྤྱིར་བཏང་མང་ཚོགས་ཚོས་འགོག་སྲུང་ཇི་ལྟར་ལེགས་པོ་བྱེད་དགོས་པའི་ཐད། ཤིན་ཧྭ་དྲ་བས་ཀྲུང་གོ་ཚན་རིག་ཁང་གི་ཡོན་ཧྲི། ཀྲུང་གོ་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་ཀྱི་ཀྲུའུ་རེན་ཀའོ་ཧྥུའུ་ལ་ཆེད་དོན་བཅར་འདྲི་ཞུས་པ་ལ། ཁོང་གིས་གལ་ཏེ་ཁྱེད་ཀྱིས་ཁ་རས་རྒྱག་གིན་མེད་ཚེ། ངེས་པར་དུ་རྒྱག་རོགས། ཚང་མས་ལག་གདང་སྦྲེལ་ནས་དགུན་ཁ་འདི་བདེ་བླག་ངང་སྐྱེལ་ཐུབ་པ་བྱ་དགོས་ཞེས་འབོད་སྐུལ་གནང་ཡོད།