བོད་ཤོག་གི་རྒྱུ་ཆ་ཡག་ཤོས་ཤོག་ཤིང་ཨར་ནག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-12-02   རྩོམ་ཁུངས།    ཁམས་པའི་དྲ་བ།

      ཤིང་འདིའི་མིང་ལ་ཤོག་ཤིང་ཨར་ནག་དང་ཁམས་ཨར་ནག་ཅེས་ཟེར། ས་བབས་ཅུང་དམའ་སའི་བྲག་ངོས་དང་ཆུ་འགྲམ། ཤིང་གསེབ་སོགས་སུ་སྐྱེ་བ་མང་།  


         ལོ་མ་བཞད་པའི་ཤོག་ཤིང་ཨར་ནག

      ལོ་མ་བཞད་པའི་ཤོག་ཤིང་ཨ་ནག་ལ་བལྟས་པ་ཙམ་གྱིས་རིན་ཐང་ཆེ་བ་ཞིག་མིན་པ་གསལ་པོ་ཡིན་ན་ཡང་།  ཤིང་ཕྲན་འདི་ཡི་རིགས་རྣམས་སྤྱོད་སྒོ་ཆེ་ཞིང་།  ཚང་མས་དོ་ཁུར་བྱེད་ས་ཞིག་ཡིན།   ཤིང་འདིའི་མིང་ལ་གོ་བ་མི་འདྲ་བ་གཉིས་ཡོད་དེ།   གཅིག་ནི་ཤོག་ཤིང་ཞེས་ཤོག་བུ་ལས་བྱེད་ཀྱི་རྒྱུ་ཆ་ཡག་ཤོས་དེ་ཡིན་ཡང་།   དེང་དུས་ཤོག་བུའི་རིགས་ལ་སྤྱོད་རྒྱུ་ཅུང་ཁག་པོར་ཆགས་འདུག་པས།  རེ་ལྕག་པའི་རྩ་བ་མ་གཏོགས་ཤོག་ཤིང་གིས་ཤོག་བུ་ལས་མཁན་ཉུང་ཉུང་ཡིན་པ་འདྲ།  གོ་ཚོད་ལྟར་ན།  སྔོན་སྡེ་དགེའི་པར་ཁང་གི་བོད་ཤོག་ཡག་ཤོས་ཤོག་ཤིང་ཨར་ནག་གི་པགས་ཤུན་ཡིན་ཡང་།  བར་སྐབས་ཤིག་ལ་ཤོག་ཤིང་གི་ཤུན་པ་ལེན་དཀའ་མོར་ཆགས་ནས་རེ་ལྕག་པའི་རྩ་བ་དང་ཤོག་ཤིང་ཨར་ནག་གི་པགས་ཤུན་མཉམ་དུ་བརྡུངས་ནས་ཤོག་བུ་ལས་སྲོལ་ཡོད་ཚུལ་དང་།   དེང་དུས་སུ་རེ་ལྕག་པའི་རྩ་བ་མ་གཏོགས་ཤོག་ཤིང་ཨར་ནག་ངོས་མི་ཟིན་པའི་ཤོག་བུའི་བཟོ་གྲྭ་འང་མང་པོ་ཡོད་ཚོད་འདུག   ཤོག་ཤིང་གི་ཤོག་བུ་སྲབ་ལ་འཇམ་ཞིང་།   ངོ་བོ་དྭངས་པ།  དུས་ཡུན་ཅི་ཙམ་འགོར་ཡང་སྣག་ཚའི་རི་མོ་མི་ཡལ་ཞིང་།  སྲིན་འབུ་དང་ཙི་གུ་སོགས་ཀྱིས་མི་ཟ་བའི་ཤོག་གུའི་རིགས་ཤིག་ཡིན་ཟེར།  


བོད་ཤོག་གི་རྒྱུ་ཆ་གཞན་པ་རེ་ལྕག

     མེ་ཏོག་བཞད་པའི་ཤོག་ཤིང་ཨར་ནག་ནི་བོད་ལུགས་སྨན་པ་ཚོས་ཨ་ག་རུ་ནག་པོ་ཞེས་འབོད་ཀྱིན་ཡོད་ལ། འདུལ་སྦྱོང་ཚུལ་བཞིན་བྱས་ནས་སྨན་དུའང་སྤྱོད་སྲོལ་འདུག འདུལ་སྦྱོང་སོགས་ཡིག་ཚོགས་མང་བས་རེ་ཞིག་འདིར་མི་བཤད་པར་བཞག  ཤིང་ཕྲན་འདི་གོང་གི་པར་རིས་ལས་གསལ་བོར་མཐོང་ན་ཡང་། ངོ་སྤྲོད་མདོར་བསྡུས་ཤིག་བྱས་ན།   ཤིང་ཤུན་སྨུག་ལ་ཁམ་ནག  ཤིང་སྙིང་ཁམ་ནག་དང་ནག་པོ་རྭ་འདྲ་ཅི་རིགས་ཡོད། ཤིང་ཤུན་བཤུས་ན་རྒྱུས་པ་ལྟར་ནུར་ནུར་དུ་འགྲོ་བ།  དབྱར་དུས་མེ་ཏོག་སེར་པོ་འདབ་མ་བཞི་པ་ཚོམ་བུར་སྐྱེས་པ།  མེ་ཏོག་གི་སྐྱེ་དབྱིབས་རེ་ལྕག་པའི་མེ་ཏོག་དང་ཕྱོགས་འདྲ་བ་ཞིག་ཡིན།

པདྨ་ནོར་བུས།