བྱ་བའི་ཞོར་དུ་རྩེད་འཇོར་རོལ་ཤེས་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-23   རྩོམ་ཁུངས།    ཀྲུང་གོ་བོད་ཀྱི་དྲ་བ།

    རྩེད་འཇོ་གླེང་སྐབས།མི་མང་པོ་ཞིག་གིས་རྩེད་འཇོར་རོལ་བ་ནི་བྱིས་པའི་བྱ་སྤྱོད་ཅིག་ཡིན་པས།མི་དར་མ་ཞིག་ཡིན་ན་བསམ་ཤེས་ཤིག་དང་བརྟན་བརླིང་ཞིག་ཡིན་དགོས་པར་འདོད་ཀྱིན་ཡོད།དོན་དངོས་སུ།མི་སུ་དང་སུ་ཞིག་ཡིན་རུང་དེའི་སེམས་ཁོང་ན་བྱིས་པའི་སེམས་ཁམས་ཤིག་རྒྱུན་སྡོད་བྱས་ཡོད་པས།མི་དར་མ་རྣམས་ཀྱང་བྱ་བའི་ཞོར་དུ་རྩེད་འཇོར་རོལ་ཏེ་སེམས་ཁམས་ལྷོད་ལྷོད་ཡོང་དུ་འཇུག་ཤེས་དགོས།
    མི་དར་མར་མཚོན་ནའང་རྩེད་འཇོར་རོལ་རྒྱུ་ནི་ཧ་ཅང་གལ་ཆེན་ཞིག་ཡིན།ཨ་མེ་རི་ཁའི་ཁོ་ལོ་ལ་ཏོ་སློབ་ཆེན་གྱི་པོར་ཏི་ཡན་ལག་སློབ་གྲྭའི་འཕེལ་འགྱུར་སྐྱེ་དངོས་རིག་པ་བ་མ་ཁེ་པེ་ཁོ་ཧྥུ་ཡིས། མི་ཞིག་གལ་ཏེ་རྩེད་འཇོར་རོལ་མ་ཤེས་ན།ཐང་ཆད་པ་དང་ངལ་དུབ་ཀྱི་དབང་གིས་མི་དར་མའི་བྱ་བའི་ནུས་ཕྱོད་ཇེ་དམའ་རུ་འགྲོ་བར་བསྟན་ལ།ཀྲུང་གོ་ཚན་རིག་གླིང་སེམས་ཁམས་བདེ་ཐང་ཞིབ་འཇུག་ཁང་ཉེར་སྤྱོད་ལྟེ་གནས་ཁང་གི་བློ་འདྲི་དགེ་རྒན་ཀྲེན་ལི་ཡིས་ཀྱང་།བྱིས་པ་རྣམས་ཀྱིས་ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་དགོས་པ་ནང་བཞིན།མི་དར་མས་ཀྱང་ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་དགོས་ཏེ།དེ་ལྟར་བྱས་ན་གསར་སྐྲུན་ནུས་པ་ཇེ་མཐོ་དང་གནོན་ཤུགས་ཇེ་ཡང་དུ་འགྲོ་བ།མཛའ་གྲོགས་ཀྱི་འབྲེལ་འདྲིས་ཇེ་བཟང་དུ་འགྲོ་བ།སྤྱི་ཚོགས་དང་འབྲེལ་འདྲིས་བྱེད་པའི་རྩལ་ནུས་ཇེ་མཐོར་འགྲོ་བ་སོགས་ཀྱི་བཟང་ཆ་མང་པོ་ཡོད་པར་བཤད།འོ་ན་མི་དར་མས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ་རྩེད་འཇོའི་ཁྲོད་ཀྱི་སྤྲོ་བ་དེ་ཇི་ལྟར་རོལ་མྱོང་བྱེད་དགོས་ཤེ་ན།
    གཅིག ལུས་པོའི་རོལ་རྩེད།སེམས་ལ་གནོན་ཤུགས་མེད་པ་དང་དམིགས་བྱ་གང་ཡང་མེད་པའི་གནས་ཚུལ་འོག རང་ཉིད་ཀྱི་དགའ་ཕྱོགས་ལྟར་བྱ་འགུལ་ཞིག་སྤེལ་བ་སྟེ།དཔེར་ན།ལྒང་ལི་རྩེ་བ་དང་གླུ་དབྱངས་ལེན་པ།ལུས་སྦྱོང་བྱེད་པ།འོས་འཚམ་གྱིས་ལག་ཁྱེར་ཁ་པར་སྟེང་གི་རོལ་རྩེད་ལ་གཡེང་བ་སོགས་བྱེད་དགོས་མོད།འོན་ཀྱང་ལུས་སྦྱོང་བྱེད་པ་དེ་ཚོ་བྱང་བའི་ཆེད་དང་ལག་ཁྱེར་ཁ་པར་སྟེང་གི་རོལ་རྩེད་ལ་གཡེང་བ་ནི་རིམ་པ་སྤར་བ་དང་རྒྱལ་ཁ་ལེན་རྒྱུའི་ཆེད་ཡིན་ན།རྩེད་འཇོའི་ཁོངས་སུ་མི་གཏོགས་པ་རེད།ལུས་པོའི་རྩེད་འཇོ་ཞེས་པ་དེ་ནི་ལུས་སེམས་ལྷོད་པོ་ཡོང་བ་དམིགས་སུ་བཟུང་ནས།སེམས་ཀྱི་གནོན་ཤུགས་བསལ་ཅི་ཐུབ་བྱེད་དགོས་པ་དང་།དུས་ཡུན་ག་ཚོད་ཅིག་ལ་རྒྱུན་འཁྱོངས་བྱེད་ཐུབ་མིན་སོགས་ལ་བསམ་བློ་གཏོང་མི་དགོས་པར།གཙོ་བོ་རང་ཉིད་ཀྱི་དགའ་ཕྱོགས་གཙོར་བཟུང་བ་དེ་ལ་གོ དེ་མིན་པར་ཁེ་ཕན་དམིགས་སུ་བཟུང་ན་ཐང་ཆད་སླ་བས་རྩེད་འཇོའི་ནུས་པ་མི་ཐོན་ནོ། །
    གཉིས།    དངོས་པོའི་རོལ་རྩེད།དངོས་སུ་ལག་འགུལ་ཏེ་རང་ཉིད་དགའ་བའི་དངོས་པོ་བཟོ་སྐྲུན་བྱེད་པ་སྟེ།དཔེར་ན་འཇིམ་བརྙན་བཟོ་རྩལ་སྦྱོང་བ་དང་རི་མོ་འབྲི་བ།མེ་ཏོག་གསོ་བ་སོགས་ཀྱི་ལས་ལ་བརྩོན་པ་དང་།སེམས་ཤུགས་ཡོངས་རྫོགས་དེའི་སྟེང་དུ་བཀོལ་ནས།བྱ་བ་སྒྲུབ་སྐབས་ཀྱི་རང་ཉིད་ཀྱི་གཏན་ཆགས་བསམ་བློའི་རྣམ་པ་དེའི་ནང་ནས་ཕྱིར་འབུད་དུ་བཅུག་ན།གསར་སྐྲུན་ནུས་པ་ཇེ་མཐོ་དང་བསམ་གཞིག་ནུས་པ་ལེགས་བསྒྱུར་བྱེད་ཐུབ།གལ་ཏེ་བཟོ་སྐྲུན་ལེགས་འགྲུབ་བྱུང་ན།ད་རུང་རང་རྟོན་ནུས་པའང་ཇེ་མཐོར་འགྲོ་བ་རེད།
    གསུམ། སྤྱི་ཚོགས་ཀྱི་རོལ་རྩེད།ཁེ་ཕན་ལ་མི་དམིགས་པའི་སྤྱི་ཚོགས་བྱ་འགུལ་ནང་ཞུགས་པ་སྟེ།དཔེར་ན་འབྲེལ་བར་སྲུང་སྐྱོབ་བྱེད་ཆེད་མིན་པར་སེམས་པ་ལྷོད་ལྷོད་ཡོང་བའི་ཆེད་དུ། བློས་ཐུབ་ཀྱི་གྲོགས་པོ་འགའ་དང་ལྷན་དུ་སེམས་པ་ལྷོད་ལྷོད་ངང་གླེང་མོལ་དང་གྲོས་བསྡུར་བྱེད་པ་དང་།ཡང་ན་ཇ་འཐུང་བ་དང་གློག་བརྙན་ལ་བལྟ་བ་སོགས་བྱེད་པ།
    དྲན་སྐུལ་བྱེད་དགོས་པ་ཞིག་ནི།རྩེད་འཇོར་རོལ་ན་བཟང་ཆ་མང་མོད།འོན་ཀྱང་རོལ་རྩེད་དང་འཚོ་བ་དང་བྱ་བ་བཅས་དོ་མཉམ་ཡོང་བར་མཉམ་འཇོག་བྱེད་དགོས་པ་ལས།རྩེད་འཇོ་ཁོ་ནར་རོལ་ཏེ་བློ་སྟོབས་ཉམས་སུ་འཇུག་མི་རུང་ངོ་། །