རྒན་པའི་ཧོན་ལོག་ནད་ལ་ཐུགས་ཁུར་དང་དོ་སྣང་བྱེད་དགོས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-11-04   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་གསར་འགྱུར།

       རྒན་པའི་ཧོན་ལོག་ནད་ནི་ཀླད་ཆེན་གྱི་ནུས་པ་ཇེ་ཞན་དུ་སོང་ནས་དྲན་པ་མི་གསལ་བར་གྱུར་པ་དང་། དུས་མཚུངས་སུ་ཤེས་རྟོགས་ཉམས་པའི་ནད་རིགས་ཤིག་ཡིན་ལ། མིག་སྔར་ད་རུང་རྩ་བ་ནས་གསོ་བཅོས་བྱེད་མི་ཐུབ་པ་རེད། 2020ལོའི་ཟླ9པའི་ཚེས21ཉིན་ནི“འཛམ་གླིང་གི་ཧོན་ལོག་ནད་ཀྱི་ཉིན་མོ”ཨང27པ་ཡིན་པས། སྤྱི་ཚོགས་ལས་རིགས་ཁག་གིས་རྒན་པ་རྣམས་ཀྱི་ཚེ་མཇུག་གི་འཚོ་བར་ཐུགས་ཁུར་བྱས་ཏེ། ཁོ་ཚོའི་འཚོ་བའི་སྤུས་ཀར་དོ་སྣང་བྱེད་དགོས་པའི་འབོད་སྐུལ་གཏོང་བཞིན་ཡོད། ཁོ་ཚོར་བསམ་བློ་བརྗེ་རེས་དང་བྱ་འགུལ་སྤེལ་བའི་གོ་སྐབས་མང་པོ་སྐྲུན་པ་དང་། རྒན་པ་རྣམས་ལ་རྒས་ན་བརྟེན་ས་ཡོད་པ་དང་ཚེ་མཇུག་གི་འཚོ་བར་སྤྲོ་སྣང་ཡོད་པར་བྱས་ཏེ། རྒན་པའི་ཧོན་ལོག་ནད་འབྱུང་ཚད་ཇེ་དམའ་རུ་གཏོང་དགོས།

གཅིག རྒན་པའི་ཧོན་ལོག་ནད་ཅེས་པ་ནི་ག་འདྲ་ཞིག་ཡིན་ནམ།

     རྒན་པའི་ཧོན་ལོག་ནད﹙老年痴呆症﹚ཅེས་པ་ནི་ཧ་ཅང་རྒྱུན་མཐོང་གི་རྒན་པའི་ནད་རིགས་ཤིག་ཡིན་ལ། ཀླད་ཆེན་ལ་ནད་འགྱུར་བྱུང་བ་ལས་ཀླད་པའི་བྱེད་ནུས་ཉམས་ཏེ་དྲན་པ་དང་ཤེས་པ། དབྱེ་འབྱེད་བཅས་དང་གཞན་ད་རུང་རང་ཉིད་ལ་ཚོད་འཛིན་བྱེད་པའི་ནུས་པ་ཞན་འགྱུར་དང་རྒྱུན་མཐུད་རང་བཞིན་གྱི་རིག་སྟོབས་ཇེ་ཞན་དུ་འགྲོ་བ་དང་། རྒྱུན་ལྡན་གྱི་འཚོ་བ་དང་སྤྱི་ཚོགས་འབྲེལ་འདྲིས་ནུས་པར་ངན་ཤུགས་ཐེབས་པའི་ནད་རིགས་ཤིག་ཡིན་ལ། རྒན་པའི་ཧོན་ལོག་ནད་ཀྱི་ཐོག་མའི་ནད་རྟགས་ནི་དྲན་པ་མི་གསལ་བ་དང་བརྗེད་ངས་ཆེ་ལ། ནད་པ་མང་པོ་ཞིག་གིས་དེ་ནི་རྒྱུན་ལྡན་གྱི་རྒས་རྟགས་ཤིག་ཡིན་པར་འདོད་དེ་སྨན་པར་མི་སྟོན་པས་ཆེས་ནུས་ལྡན་གྱི་གསོ་བཅོས་གོ་སྐབས་ཤོར་བ་རེད།


གཉིས། རྒན་པའི་ཧོན་ལོག་ནད་ཀྱི་དུས་མགོའི་ནད་རྟགས།

1.དྲན་པ་མི་གསལ་བ། ནད་པས་རྒྱུན་དུ་རང་ཉིད་ཀྱིས་བཤད་མ་ཐག་པའི་སྐད་ཆ་དང་བསྒྲུབས་མ་ཐག་པའི་ལས་ཀ་དེ་བརྗེད་འགྲོ་བ།

2.སྐད་ཆ་བཤད་མི་ཤེས་པ། སྐད་ཆ་བཤད་པའི་ནུས་པ་ཇེ་ཞན་དུ་འགྲོ་བ་སྟེ། དཔེར་ན་རྒྱུན་དུ་བཤད་ཀྱིན་པའི་ཐ་སྙད་ཁ་ཤས་བརྗེད་འགྲོ་བས་བཤད་པའི་སྐད་ཆར་མི་གཞན་གྱིས་གོ་བ་ལོན་དཀའ་བ་དང་། ཐ་ན་རྒྱུན་སྤྱོད་དངོས་པོའི་མིང་ཡང་འབོད་མི་ཐུབ་པ་ལྟ་བུ།

3.དུས་ཚོད་དང་བར་སྟོང་གི་ཁ་ཕྱོགས་ནོར་བ། རང་ཉིད་ལ་ཆ་རྒྱུས་ལྡན་པའི་ཁོར་ཡུག་ནང་དུའང་ལམ་ནོར་བ་དང་རང་ཉིད་གང་དུ་ཡོད་པ་མི་ཤེས་པར་མ་ཟད། ཁྱིམ་དུ་ལོག་པའི་ལམ་མི་རྙེད་པ་དང་ཐ་ན་དུས་ཚིགས་དང་ལོ་ཟླ་ཚེས་གྲངས་ཀྱང་མི་ཤེས་པ།

4.རིག་སྟོབས་ཉམས་པ། ནད་པས་གྲངས་ཀ་ཡོངས་རྫོགས་བརྗེད་དེ་ཆེས་སླ་བའི་སྣོན་འཕྲི་ཡང་རྩིས་རྒྱག་མི་ཐུབ། དུས་རྒྱུན་གྱི་འཚོ་བའི་ནུས་པ་ཇེ་ཞན་དུ་སོང་ནས་རྒྱུན་དུ་ལས་བཞིན་པའི་ལས་ཀའང་ལེགས་འགྲུབ་འབྱུང་དཀའ་བ།

5.དབྱེ་འབྱེད་ནུས་པ་ཞན་པ། ནད་པས་རྒྱུན་དུ་དངོས་པོ་འཇོག་ས་ནོར་བ་དང་ཡང་ན་དངོས་པོ་དག་འཇོག་མི་འོས་པའི་གནས་སུ་འཇོག་པ།

6.བསམ་བློའི་བྱ་སྤྱོད་མི་ལེགས་པ། ནད་པའི་བསམ་བློའི་བྱ་སྤྱོད་ལ་འགྱུར་ལྡོག་འབྱུང་བ་དང་སེམས་ཁམས་ལ་གཡོ་འགུལ་བྱུང་སྟེ། དོགས་འཆར་མང་བ་དང་དོ་ཁུར་མི་བྱེད་པ། ཁོང་ཁྲོ་ལངས་སླ་བ་དང་ཨུ་ཚུགས་ཆེ་བ་སོགས།

7.རང་འགུལ་གྱིས་འཚོ་བ་དང་བྱ་བར་མི་འཇུག་པ། ཁྱིམ་ལས་དང་བྱ་བ། སྤྱི་ཚོགས་ཀྱི་འོས་འགན་སོགས་ལ་སུན་སྣང་སྐྱེས་ཏེ་ལས་འདོད་མེད་པ་དང་སྒྱིད་ལུག་གི་རྣམ་འགྱུར་སྟོན་པ།

གསུམ། སྔོན་འགོག་བྱེད་ཐབས།

1.དཔེ་ཆ་དང་ཚགས་པར་ཀློག་པ། རྒྱུན་དུ་སློབ་སྦྱོང་བྱས་ཏེ་ཚན་རིག་དང་མཐུན་པའི་སྒོ་ནས་ཀླད་པ་བཀོལ་སྤྱོད་བྱེད་པ།

ཀླད་པ་འགུལ་བ་དང་བསམ་གཞིག་གཏོང་རྒྱུར་དགའ་བའི་མི་ལ་རྒན་པའི་ཧོན་ལོག་ནད་འབྱུང་བའི་ཚད་ཀླད་པ་འགུལ་རྒྱུར་མི་དགའ་བའི་མི་ལས་ལྡབ་འགྱུར་གྱིས་དམའ་བ་རེད། དེ་བས་རྒན་པ་རྣམས་ཀྱིས་རྒྱུན་དུ་རང་ཉིད་ཀྱི་དྲན་པ་དང་རིག་སྟོབས་ལ་འགྲན་སློང་བྱེད་དགོས།

2.ལུས་ཕུང་སྦྱོང་བརྡར་བྱས་ཏེ་གཟུགས་གཞི་བདེ་ཐང་དུ་གཏོང་བ།

རྒན་པ་རྣམས་ཀྱིས་རང་ཉིད་ཀྱི་ལུས་པོའི་ཆ་རྐྱེན་དང་བསྟུན་ནས། ལུས་སྦྱོང་རྒྱུན་འཁྱོངས་བྱེད་དགོས་པ་སྟེ། དཔེར་ན་ཐའེ་ཅི་ཆོན་རྩེ་བ་དང་ཞབས་བྲོ་འཁྲབ་པའམ་ཡང་ན་ཆུར་རྐྱལ་བ་སོགས་བྱེད་དགོས།

3.བཟའ་བཏུང་ལེགས་སྒྲིག་བྱས་ཏེ་འཚོ་བཅུད་ཁ་སྣོན་བྱེད་པ།

ཞིབ་འཇུག་ལས་མངོན་པ་ལྟར་ན། རྒན་པའི་ཧོན་ལོག་ནད་ནི་བཟའ་བཏུང་གི་གཞི་རྒྱུ་ཁ་ཤས་དང་འབྲེལ་བ་ཡོད་དེ། དཔེར་ན་ལུས་སྟེང་གི་ཏི་ཚ(锌)ཇེ་ཉུང་དུ་སོང་ན་དབང་རྩའི་བརྡ་རྫས་གྲུབ་ཚད་ཇེ་དམའ་རུ་སོང་སྟེ་ཀླད་པའི་བྱེད་ནུས་ཇེ་ཞན་དུ་འགྲོ་བ་དང་།མཱེ(镁)ལ་ཀླད་པའི་ཁྲག་རྒྱུན་ཇེ་མང་དུ་བཏང་སྟེ། རྒན་པའི་ཧོན་ལོག་ནད་འགོག་པའི་ནུས་པ་ལྡན།

4.གཉིད་བདེ་བ། ཞིབ་འཇུག་ལས་མངོན་པ་ལྟར་ན། དུས་རྒྱུན་མཚན་བརྒལ་ཏེ་གཉིད་ཆགས་ན་ཀླད་ཆེན་ལ་གནོད་པ་ཚབས་ཆེན་ཐེབས་ཏེ། རྒན་པའི་ཧོན་ལོག་ནད་འབྱུང་ཚད་ཇེ་མཐོར་འགྲོ་བ་རེད།

5.གོམས་གཤིས་ངན་པ་བསྒྱུར་ཏེ་དུ་ཆང་གཅོད་དགོས། དུ་བ་འཐེན་ན་ཀླད་པའི་ཕུང་གྲུབ་རྙིད་འཁུམ་འབྱུང་བ་དང་། ཐ་ན་ཀླད་ཆེན་ལ་གནོད་པ་ཚབས་ཆེན་ཐེབས་ཏེ་ནད་འགྱུར་འབྱུང་བའི་དབང་གིས་ཧོན་ལོག་ནད་འབྱུང་ཚད་ཇེ་མཐོར་འགྲོ་བ་རེད།

6.སེམས་ཁམས་སྐྱིད་པོ་ཡོང་བར་འབད་པ་ལས་ཁེར་རྐྱང་གི་ཚོར་སྣང་འབྱུང་དུ་འཇུག་མི་རུང་།

སྤྱི་ཚོགས་ཀྱི་བྱ་འགུལ་ནང་མང་དུ་ཞུགས་པ་དང་། བྱ་བ་དང་སློབ་སྦྱོང་། རོལ་རྩེད་བཅས་ཀྱི་དུས་ཚོད་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། སེམས་ཁམས་སྐྱིད་པོ་ཡོང་བར་འབད་པ་ལས་སེམས་འཚབ་པ་དང་ཡི་མུག་པར་གཡོལ་ཅི་ཐུབ་བྱེད་པ་དང་།དབང་རྩའི་མ་ལག་གི་ཁུར་བོ་ཇེ་ཡང་དུ་གཏོང་དགོས། །