གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཚོགས་ཡུལ།
ཚེས་27ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་དམངས་སྲིད་ཀྱིས་རམ་འདེགས་བྱེད་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་པ་རེད། བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་གི་ཐིང་ཀྲང་གཞོན་པ་རའོ་པན་ཅང་དང་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་སྤྱི་ཚོགས་རོགས་སྐྱོབ་ཁྲུའི་ཁྲུའུ་ཀྲང་དབྱང་ཞའོ་རུང་གིས་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་མ་ཟད། གསར་འགོད་པའི་འདྲི་བར་ལན་བཏབ་པ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི་ཟླ་དགུ་པའི་ཟླ་མཇུག་བར་ལྗོངས་ཡོངས་སུ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་བསྡོམས་མི་153564ཡོད་པ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་རོགས་སྐྱོབ་བསྙེན་བཀུར་བྱ་ཡུལ་མི་13722ཡོད་པས། འགན་ལེན་བྱ་དགོས་རིགས་ལ་འགན་ལེན་དང་སྐྱོང་དགོས་རིགས་རྣམས་སྐྱོང་ཡོད་པ་རེད། གཞན་ཡང་། མི་17454ལ་གནས་སྐབས་རོགས་སྐྱོབ་བྱས་ནས། གནས་སྐབས་རོགས་སྐྱོབ་མ་དངུལ་སྒོར་ཁྲི་4815.51སྤྲད་ཡོད་པ་རེད།
མིག་སྔའི་བར། བོད་ལྗོངས་སུ་རྒན་གསོ་ཁང་80ཡོད་པ་དང་། 2015ལོའི་ལོ་མཇུག་ཏུ་ལྗོངས་ཡོངས་ཀྱི་འདོད་མོས་ཡོད་པའི་དམིགས་བསལ་དཀའ་ངལ་ཡོད་མཁན་ལ་གཅིག་སྡུད་བསྙེན་བཀུར་བྱེད་ཚད་100%ཡི་དམིགས་ཚད་མངོན་འགྱུར་བྱུང་ཡོད། དེ་བཞིན་བྱིས་པའི་ཕན་བདེ་ཁང་11ཡོད་པ་དང་། 2015ལོའི་ལོ་མཇུག་ཏུ་དྭ་ཕྲུག་གཅིག་སྡུད་གསོ་ཉར་བྱེད་ཚད་100%ཡི་དམིགས་ཚད་མངོན་འགྱུར་བྱུང་ཡོད།
2015ལོ་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་སྤེལ་ཚུན། ལྗོངས་ཡོངས་ཀྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས“དམངས་སྲིད་དམངས་ཆེད་དང་དམངས་སྲིད་དམངས་གཅེས”ཀྱི་ལས་ཀའི་འདུ་ཤེས་བརྟན་པོ་འཛུགས་པ་དང་། “ཐ་སྐྱོང་འགན་སྲུང་ཁག་གཅིག་བྱེད་པའི”ཆབ་སྲིད་ཀྱི་འགན་འཁྲི་ནན་ཏན་སྒྲུབ་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་། དབུལ་སྒྲོལ་འགག་སྒྲོལ་ལ་མཐའ་མའི་རྒྱལ་ཁ་ལེན་པའི་དམིགས་ཚད་ལས་འགན་ལ་དམ་པོར་དམིགས་པ་བཅས་བྱས་ཏེ། དམངས་སྲིད་ཁྱབ་ཁོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བར་སྐུལ་སྤེལ་ཏན་ཏིག་བཏང་བ་རེད།
རིམ་ཁག་དམངས་སྲིད་སྡེ་ཚན་ཁག་གིས“སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”གྱི་དམིགས་ཚད་ལ་དམ་པོར་དམིགས་པ་དང་། “གཅིག་སྡུད་གསུམ”འབུར་དུ་ཐོན་པ། དབུལ་སྒྲོལ་འགན་སྲུང་གི་དབུལ་སྐྱོར་གྲུབ་འབྲས་བརྟན་དུ་གཏོང་བ། “ངོ་སོའི་འགན་ལེན”དང་། “འབྲེལ་བའི་འགན་ལེན” “ནོར་འཛོལ་འགན་ལེན”སོགས་མ་མཐའི་འཚོ་བའི་འགན་ལེན་གྱི་གནད་དོན་ལྡན་རིགས་མཐའ་གཅིག་ཏུ་མེད་པར་བཟོས་ནས། ཆ་རྐྱེན་དང་མི་མཐུན་པའི་འགན་ལེན་བྱ་ཡུལ་གང་ཐུབ་ཀྱིས་ཕྱིར་འབུད་བྱས་ཏེ། མང་ཚོགས་དབུལ་པོ་དབུལ་སྒྲོལ་ཐུབ་པ་དང་འབྱོར་འབྲིང་མངོན་འགྱུར་བྱེད་པའི་གདེང་ཚོད་དང་ཆོད་སེམས་སྔར་བས་ཆེ་རུ་བཏང་བ་རེད། །