བདེ་ཆེན་གྱི་སློབ་གྲྭ་གཉིས་ལ་ཞིང་ཆེན་རིམ་པས་མཚན་སྙན་བསྩལ་འདུག

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-30   རྩོམ་ཁུངས།    ​ སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        ཟླ་10ཚེས་28ཉིན་ཁུལ་སྣོད་བཅུད་ཁོར་ཡུག་ཅུས་དང་ཁུལ་སློབ་གསོ་ལུས་རྩལ་ཅུས་ཀྱིས་ཁུལ་བོད་ཡིག་སློབ་འབྲིང་དང་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭར་ཞིང་ཆེན་རིམ་པའི་ལྗང་མདོག་སློབ་གྲྭའི་སྒོ་བྱང་སྤྲོད་པའི་མཛད་སྒོ་འཚོགས་ནས་ལྗང་མདོག་སློབ་གྲྭར་སྒོ་བྱང་སྤྲད་པ་དང་འབྲེལ་གཟི་བརྗིད་མཚན་སྙན་ལག་ཁྱེར་ཡང་སྤྲད་པ་རེད།

        ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་ཆེད། 《རྒྱལ་ཡོངས་ཀྱི་ཁོར་ཡུག་དྲིལ་བསྒྲགས་སློབ་གསོའི་ལས་ཀའི་རྩ་གནད་(2016ལོ་ནས་2020ལོ་བར་)》དོན་འཁྱོལ་བྱས་ནས་སློབ་གྲྭའི་ཁོར་ཡུག་སློབ་གསོར་སྐུལ་འདེད་གཏོང་བ། གཞོན་ནུ་ལོ་ཆུང་གི་སྐྱེ་ཁམས་འདུ་ཤེས་གསོ་སྐྱོང་དང་། ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་སློབ་གྲྭར་སྤེལ་བར་སྐུལ་འདེད། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་ཀྱི་ལྗང་མདོག་སློབ་གྲྭའི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བཅས་བྱེད་དགོས། ཁུལ་བོད་ཡིག་སློབ་འབྲིང་དང་ཁུལ་མི་རིགས་འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭ་རྒྱུན་རྣམ་ཅན་གྱིས“ཞིང་ཆེན་རིམ་པའི་ལྗང་མདོག་སློབ་གྲྭ”གཏོད་པའི་ལས་དོན་སྒྲིག་འཛུགས་ནན་ཏན་བྱས་པ་རེད། 2019ལོར་སློབ་གྲྭས་རེ་ཞུ་བྱས་པ་བརྒྱུད། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུས་དང་ཁུལ་སློབ་གསོ་ཅུས་ཀྱིས་ཐོག་མའི་ཞིབ་བཤེར་དང་འོས་སྦྱོར་བྱས་ཏེ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དང་ཞིང་ཆེན་སློབ་གསོ་ཐིན་གྱིས་དཔྱད་ཞིབ་བྱས། “ཡུན་ནན་ཞིང་ཆེན་གྱི་ལྗང་མདོག་སློབ་གྲྭ་ཁག་བཅུ་གཅིག་པ”ཞེས་མིང་བཏགས་ཡོད། མིག་སྔའི་བར་བདེ་ཆེན་ཁུལ་གྱི་སློབ་གྲྭ་6ལ་ཞིང་ཆེན་རིམ་པའི་ལྗང་མདོག་སློབ་གྲྭའི་མཚན་སྙན་ཐོབ་ཡོད།    

        ལྗང་མདོག་སློབ་གྲྭ་གསར་འཛུགས་བྱེད་སྐབས་ཁོར་ཡུག་གི་འདུ་ཤེས་དང་བྱ་སྤྱོད་དེ་སློབ་གྲྭའི་དོ་དམ་དང་། སློབ་གསོ། སློབ་ཁྲིད། འཛུགས་སྐྲུན་བཅས་ཀྱི་སྤྱི་ཡོངས་རང་བཞིན་གྱི་བྱེད་སྒོའི་ཁྲོད་ཁྱབ་པར་བྱེད་དགོས་པའི་ནན་བཤད་བྱས་ཡོད། དགེ་རྒན་དང་སློབ་མས་ཁོར་ཡུག་གི་གནད་དོན་ལ་དོ་སྣང་བྱེད་པར་ཁྲིད་སྟོན། གཞོན་ནུ་ལོ་ཆུང་ལ་སློབ་གསོ་མྱོང་བ་དང་། ཤེས་བྱ་སྦྱོང་བ། གཟུགས་པོ་འཚར་ལོངས་ཡོང་བ་བཅས་བྱེད་པ་དང་དུས་མཚུངས་རང་བྱུང་ཁམས་ལ་དགའ་ཞེན་དང་སའི་གོ་ལའི་ཁྱིམ་གཞིས་སྲུང་སྐྱོང་བྱེད་པའི་བླ་ན་མེད་པའི་བསམ་ཚུལ་དང་ཁོར་ཡུག་ལ་འགན་འཁུར་བའི་སྙིང་སྟོབས་འཛུགས་པ། གཞི་རྩའི་ཁོར་ཡུག་གི་ཚན་རིག་ཤེས་བྱ་ཁོང་དུ་ཆུད་པ་དང་། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱ་དགོས་པའི་གཞི་རྩའི་འདུ་ཤེས་ཤེས་པ། རང་ཉིད་ནས་འགོ་བརྩམས་ཏེ་ཉེ་འགྲམ་གྱི་དོན་ཆུང་ནས་འགོ་བརྩམས། ཁོར་ཡུག་སྲུང་སྐྱོང་གི་བྱ་སྤྱོད་ནང་ཧུར་ཐག་ཞུགས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་བསམ་བློའི་མྱུ་གུ་འབུས་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དྲིལ་བསྒྲགས་པ་དང་ལག་ལེན་པ་བྱེད་དགོས།