ཁྱེད་ཀྱི་ཁེ་ཕན་དང་འབྲེལ་བ་ཆེ་བའི་དོན་འདིར་དོ་སྣང་གནང་རོགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-28   རྩོམ་ཁུངས།    བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར།

     2021ལོ་འཁོར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྲོན་དངུལ་གཅིག་སྡུད་བསྡུ་སྐྱེལ་བྱེད་འགོ་ཚུགས་འདུག

    ཚང་མས་རང་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་སྲིད་ཇུས་ཁ་གསལ་མཐིལ་རྟོགས་ཡོང་བ་དང་། རང་ཉིད་ཀྱིས་ལོ་ལྟར་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་ག་ཚོད་སྐྱེལ་དགོས་པ། ཐོབ་ཐང་འགན་ལེན་གང་དག་ལོངས་སྤྱོད་བྱེད་ཆོག་པ། རྩིས་ཞུ་མཐོ་ཤོས་ག་ཚོད་བྱེད་ཆོག་པ་བཅས་ཤེས་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཞིག་རེད་སྙམ་གྱི་འདུག

འགན་བཅོལ་ནང་ཞུགས་མཁན།


    ཐེམ་ཁུངས་རང་ལྗོངས་ནས་ཡིན་པ་མ་ཟད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་བཟོའི་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་ནང་ཞུགས་མེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི། 
    རང་ལྗོངས་ཀྱི་སྲིད་འཛིན་ཁུལ་གྱི་སློབ་ལོ་མ་ལོན་པའི་བྱིས་པ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ། བོད་ལྗོངས་འཛིན་གྲྭའི་སློབ་མ་བཅས་དང་དེ་བཞིན་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མ(ཚན་ཞིབ་སློབ་གླིང་དང་། སུའོ། བོད་ལྗོངས་མི་རིགས་སློབ་ཆེན་ཚུད་པ)དང་། འབྲིང་རིམ་ཆེད་ལས་ལག་རྩལ་སློབ་གྲྭ ལྗོངས་ཕྱིའི་ཉིན་ཧྲིལ་པོའི་ལམ་ལུགས་ཀྱི་མཐོ་སློབ་དཀྱུས་མའི་ཆེད་ཚན་དང་འབྲིང་རིམ་ཆེད་ལས་སློབ་གྲྭའི་སློབ་མས་ཐེམ་ཐོ་གནས་ཡུལ་ནས་འགན་བཅོལ་ནང་ཞུགས་ཆོག་གི་ཡོད།
    ལོ་གཅིག་འཁོར་མེད་པའི་ཕྲུ་གུ་དམར་འབྱར་ལ་རང་ལྗོངས་ཀྱི་ཐེམ་ཐོ་རག་རྗེས་ལོ་དེ་གའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་ཆོག་པ་དང་སྐྱེས་པའི་ཉིན་ནས་བརྩིས་ཏེ་སྨན་བཅོས་ཀྱི་ཐོབ་ཐང་ལོངས་སྤྱོད་བྱེད་ཆོག་གི་ཡོད། 

གྲོན་དངུལ་འཇལ་བའི་ཚད་གཞི།

    2020ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་སྒེར་གྱིས། རང་ཉིད་ཀྱི་འདོད་མོས་ལྟར་སྒོར་60དང་། སྒོར་120 སྒོར་250བཅས་ཀྱི་གྲོན་འཇལ་རིམ་པ་གསུམ་གདམ་ག་བྱེད་ཆོག དེའི་ཁྲོད་ནས་འགན་བཅོལ་ནང་ཞུགས་སྐབས་བུད་མེད་ལོ་60དང་སྐྱེས་པ་ལོ་65ཡན་ཟིན་ཚེ། མི་སྒེར་གྱི་གྲོན་དངུལ་འཇལ་རྒྱུ་དེ་རིམ་པ་གསུམ་པའི་ཚད་གཞི་ལྟར་རང་སྐྱོང་ལྗོངས་དང་གྲོང་ཁྱེར(ས་ཁུལ)རིམ་པ་གཉིས་ཀྱི་ནོར་སྲིད་ནས་ཚབ་འཇལ་བྱེད་ཀྱི་ཡོད།
    དབང་སྐྱོན་ཚབས་ཆེ་བའི་མི་སྣ་དང་། དམིགས་བསལ་དཀའ་ངལ་ཡོད་པའི་བསྙེན་བཀུར་མི་སྣ། དྭ་ཕྲུག མ་མཐའི་འཚོ་བའི་འགན་ལེན་བྱ་ཡུལ་སོགས་དམིགས་བསལ་དཀའ་ངལ་ཡོད་པའི་མི་ཚོགས་ཀྱི་མི་སྒེར་གྱི་གྲོན་དངུལ་འཇལ་རྒྱུ་དེ་རིམ་པ་གསུམ་པའི་ཚད་གཞི་ལྟར་སྨན་བཅོས་རོགས་སྐྱོབ་མ་དངུལ་ནས་ཚབ་འཇལ་བྱེད་ཀྱི་ཡོད།
    ཡིག་ཚགས་དང་གཱ་བཟོས་པའི་མི་སྣ་འགན་བཅོལ་ནང་ཞུགས་སྐབས་མི་སྒེར་གྱིས་སྤྲོད་དགོས་པའི་གྲོན་དངུལ་དེ་གྲངས་བཅད་ཁ་གསབ་བྱེད་ཀྱི་ཡོད། མི་སྒེར་གྱིས་གྲོན་དངུལ་འཇལ་བའི་རྨང་གཞིའི་ཐོག་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་རིམ་ཁག་ནོར་སྲིད་ཀྱིས་མི་རེར་ལོ་རེར་ལྷན་སྦྱར་ཁ་གསབ་མ་དངུལ་སྒོར་585སྤྲོད་ཀྱི་ཡོད། 2021ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་ནང་ཞུགས་མཁན་མི་སྒེར་གྱིས་རྒྱལ་ཁབ(སྨན་འགན་སྤེལ[2020]ཡིག་ཨང་24)ཀྱི་དགོངས་དོན་ལ་གཞིགས་ཏེ། རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་མི་སྒེར་གྱི་གྲོན་དངུལ་འཇལ་བའི་རིམ་པ་གསུམ་གྱི་ཚད་གཞིའི་ཐོག་རིམ་པ་རེར་སྒོར་30མཐོ་རུ་བཏང་ནས་སྒོར་90དང་། སྒོར་150 སྒོར་280བཅས་རིམ་པ་གསུམ་ནས་རང་མོས་ངང་གདམ་ག་བྱེད་ཆོག་གི་ཡོད།
གྲོན་དངུལ་འཇལ་བའི་དུས་ཚོད།


    གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་དེ་ལོ་འཁོར་གཞིར་བཟུང་འཇལ་དགོས་པ་དང་། གྲོན་དངུལ་འཇལ་བའི་དུས་ཚོད་ནི་ལོ་འཁོར་གོང་མའི་ཟླ་10ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་ཡིན་པ་དང་། འགན་བཅོལ་ནང་ཞུགས་མཁན་གྲོང་མིས་གྲོན་དངུལ་འཇལ་བའི་ལོ་རྗེས་མའི་ཟླ་1ཚེས་1ཉིན་ནས་བཟུང་གཏན་འབེབས་བྱས་པའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཐོབ་ཐང་ལོངས་སྤྱོད་བྱེད་ཆོག་གི་ཡོད། 

    རྩོམ་སྒྲིག་པའི་དྲན་སྐུལ།

    2021ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་གྲོན་དངུལ་འཇལ་བའི་དུས་ཚོད་སླེབས་ཡོད་པས། ཁྱེད་ཀྱིས་གྲོན་དངུལ་འཇལ་བའི་ཚད་གཞི་དང་དུས་ཚོད་སོགས་ཡག་པོ་མཁྱེན་པ་གནང་ནས་འབྲེལ་ཡོད་ཚན་པར་དུས་ཐོག་ཏུ་གྲོན་དངུལ་འཇལ་བར་ཕེབས་རྒྱུ་མ་བསྙེལ་པ་གནང་རོགས།