མཁའ་དབྱིངས་ཀྱི་བོད་ལྗོངས་ཏེ་ཀྲུང་གོའི་བོད་ལྗོངས་ཀྱི་དྲ་རྒྱའི་བརྙན་པར་དུས་ཆེན་སྐབས་དང་པོ་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-21   རྩོམ་ཁུངས།    མི་དམངས་དྲ་བ།

        མི་དམངས་དྲ་བའི་འཕྲིན། ཤིན་ཧྭ་དྲ་བ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། པར་ཆས་ལ་བརྟེན་ནས་གངས་ལྗོངས་ས་མཐོའི་དུས་རབས་ཀྱི་འཕོ་འགྱུར་ཟིན་ཐོར་འགོད་པ་དང་འོད་གཟུགས་ལ་བརྟེན་ནས་མཁའ་དབྱིངས་ཀྱི་བོད་ལྗོངས་ཀྱི་འབད་འཐབ་གཏམ་རྒྱུད་གསལ་བཤད་བྱེད། ཚེས་19ཉིན་མཁའ་དབྱིངས་ཀྱི་བོད་ལྗོངས་ཏེ་ཀྲུང་གོའི་བོད་ལྗོངས་ཀྱི་དྲ་རྒྱའི་བརྙན་པར་དུས་ཆེན་སྐབས་དང་པོ་ལྷ་སར་འགོ་ཚུགས་པ་རེད། བྱེད་སྒོ་སྤེལ་འགོ་ཚུགས་རྗེས་རྒྱ་ཆེའི་བརྙན་པར་ལེན་མཁན་ལ་ཕྱོགས་ནས་དུས་རབས་གསར་པ་དང་བོད་ལྗོངས་གསར་པའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་དང་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཉམས་འགྱུར་མཚོན་པའི་ཕུལ་བྱུང་བརྙན་པར་བརྩམས་ཆོས་རྒྱ་ཁྱབ་ངང་བསྡུ་རུབ་བྱ་རྒྱུ་རེད། ཉིན་དེ་ནས་བཟུང་བརྩམས་ཆོས་བསྡུ་རུབ་བྱེད་འགོ་ཚུགས་ཤིང་། ཟླ་11ཚེས་30ཉིན་བརྩམས་ཆོས་བསྡུ་མཚམས་འཇོག་རྒྱུ་རེད།
     སྐབས་འདིའི་དྲ་རྒྱའི་བརྙན་པར་དུས་ཆེན་གྱི་བྱེད་སྒོ་དེ“མཁའ་དབྱིངས་ཀྱི་བོད་ལྗོངས། དུས་རབས་གསར་པར་ཐུག་རེག་བྱེད”ཅེས་པ་བརྗོད་དོན་གཙོ་བོར་བྱས་ཤིང་། དེའི་དམིགས་ཡུལ་ནི་བོད་ལྗོངས་ལ་དགའ་ཞེན་དང་བརྙན་པར་ལ་དགའ་པོ་བྱེད་མཁན་དྲ་དམངས་གྲོགས་པོ་དང་སྨྱན་སྦྱོར་སྒྲིག་གཞིར་སྤེལ་རེས་འགྲེམས་སྟོན་གྱི་སྟེགས་བུ་ཞིག་བསྐྲུན་ཏེ། དྲ་རྒྱའི་བརྙན་པར་ལེན་མཁན་ཤེས་ལྡན་མི་སྣ་གསར་རྙེད་དང་རོགས་སྐྱོར་བྱེད་པ་དང་། སྤུས་ལེགས་དྲ་རྒྱའི་བརྙན་པར་གསར་གཏོད་རྣམ་གྲངས་སྐྱེད་སྲིང་བྱས་ནས་དྲ་རྒྱའི་བརྙན་པར་རིག་གནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད།
     2019ལོའི་ལོ་མཇུག་བར། བོད་ལྗོངས་ཀྱི་དབུལ་པོའི་ཆུས(རྫོང)74ཡི་དབུལ་ཞྭ་ཕུད་པ་དང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་ཡོད། དབུལ་ཕོངས་མི་འབོར་གྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེར་གཙང་2015ལོའི་སྒོར་1499ནས་2019ལོའི་སྒོར་9328བར་འཕར་ཡོད། བོད་ལྗོངས་ཀྱི་ལོ་རྒྱུས་རང་བཞིན་གྱིས་དབུལ་པོ་དབུལ་རྐྱང་མེད་པར་བཟོས་ཡོད།
     བོད་རང་སྐྱོང་ལྗོངས་ཏང་ཨུད་དྲ་འཕྲིན་གཞུང་དོན་ཁང་གི་འབྲེལ་ཡོད་འགན་འཁུར་བས་གསར་འགོད་པར“བོད་ལྗོངས་དབུལ་པོ་དབུལ་རྐྱང་ལས་ཐར་ལ། ང་ཚོས་བོད་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་དེར་བསྔགས་བརྗོད་བྱེད་ཀྱི་ཡོད”ཅེས་བཤད་པ་དང་། “པར་ཆས་དང་དྲ་སྦྲེལ་ལ་བརྟེན་ནས་དུས་རབས་གསར་པ་ཟིན་ཐོར་བཀོད་པ་དང་བོད་ལྗོངས་གསར་པར་ཐོབ་པའི་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ལ་བསྔགས་བརྗོད་བྱེད་པ་ནི་དྲ་འཕྲིན་བའི་འགན་འཁྲི་འཁུར་སེམས་ཡིན། དྲ་རྒྱའི་བརྙན་པར་དུས་ཆེན་གཉེར་བར་བརྟེན། དེ་ཉིད་དྲ་ཐོག་གཞུང་ལུགས་ཀྱི་གཡུལ་ས་གསར་པ་དང་། དྲ་རྒྱ་ཁྱབ་སྤེལ་གྱི་ལས་སྟེགས་གསར་པ། དྲ་ཐོག་བརྙན་པར་གྱི་རྟེན་གཞི་གསར་པ། དྲ་ཐོག་རིག་རྩལ་ཡུལ་སྐོར་གྱི་ཚོགས་འདུ་གཟབ་རྒྱས་གསར་པ། དྲ་ཐོག་བརྙན་པར་གྱི་སྤུས་རྟགས་གསར་པ་བཅས་སུ་གྱུར་ནས། བོད་ལྗོངས་ཀྱི་གཏམ་རྒྱུད་ཡག་པོ་ཤོད་པ་དང་བོད་ལྗོངས་ཀྱི་གཟུགས་བརྙན་མངོན་པའི་སྐར་ཁུང་གསར་པ་ཞིག་ཏུ་འགྱུར་རྒྱུའི་རེ་བ་ཡོད”ཅེས་བརྗོད་པ་རེད།
     “ད་ཐེངས་ཀྱི་བྱེད་སྒོས་ང་ཚོར་བོད་ལྗོངས་ཀྱི་ཡུལ་སྐོར་ཐོན་ཁུངས་ཁྱབ་གདལ་ལ་སྐུལ་འདེད་གཏོང་བ་དང་བོད་ལྗོངས་ཀྱི་ཡུལ་སྐོར་མཁོ་སྤྲོད་ལེགས་སུ་གཏོང་བའི་འཚོལ་ཞིབ་ནུས་ལྡན་ཞིག་མཁོ་འདོན་བྱ་རྒྱུ་རེད། ཡུལ་སྐོར་ཉམས་ལེན་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆབས་ཅིག་དྲ་རྒྱའི་བརྙན་པར་གྱི་སྟོབས་ཤུགས་དང་ཟུང་འབྲེལ་བྱས་ཏེ་མི་ཚང་མར་ཐད་ཀར་བོད་ལྗོངས་ལ་ཤེས་རྟོགས་དང་། བོད་ལྗོངས་ལ་མྱོང་ཚོར། བོད་ལྗོངས་ལ་ལོངས་སྤྱོད་བཅས་བྱེད་པའི་གོ་སྐབས་སྤྲད་ཡོད”ཅེས་བོད་རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་སྐབས་འདིའི་དྲ་རྒྱའི་བརྙན་པར་དུས་ཆེན་གཉེར་བ་དེས“སྔོ་ཞིང་དྭངས་པའི་རི་ཆུ་གསེར་རི་དངུལ་རི་ཡིན་པའི”འདུ་ཤེས་སྔར་བས་མི་སེམས་ལ་གཏིང་ཟབ་ཟུག་རྒྱུར་ཕན་ཐོགས་ཡོད་པ་རེད་ཅེས་ངོ་སྤྲོད་བྱས།
     ངོ་སྤྲོད་བྱས་པར་གཞིགས་ན། མཁའ་དབྱིངས་ཀྱི་བོད་ལྗོངས་ཏེ་ཀྲུང་གོའི་བོད་ལྗོངས་ཀྱི་དྲ་རྒྱའི་བརྙན་པར་དུས་ཆེན་སྐབས་དང་པོས་པར་རིས(འདྲ་པར)ཚན་པ་དང་བརྙན་རིས(བརྙན་ལམ)ཚན་པ་བཀོད་ཡོད་ལ། སྡེ་ཚན་རེ་རེར་ཚོགས་ཆུང་Aདང་ཚོགས་ཆུང་Bདབྱེ་ཡོད་པ་དང་། ཚོགས་ཆུང་Aནི་སྤྱི་ཚོགས་ལས་རིགས་ཁག་གིས་རང་མོས་ངང་འགྲན་བསྡུར་ནང་ཞུགས་མཁན་ཡིན་ལ། ཚོགས་ཆུང་Bནི་བརྙན་པར་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱིས་གནས་གཏན་འཁེལ་གྱིས་གདན་ཞུས་བྱས་མཁན་ཡིན། ཚན་པ་གཉིས་ལ་ཁྱོན་བྱ་དགའ་64བཀོད་སྒྲིག་བྱས་ཡོད་དེ། གསེར་གྱི་བྱ་དགའ་4དང་། དངུལ་གྱི་བྱ་དགའ་8 ཟངས་ཀྱི་བྱ་དགའ་12དང་ཕུལ་བྱུང་བྱ་དགའ་40བཅས་ཚུད་ཡོད།