རྒྱལ་ཐང་གི་སྟོན་ཀ

རྩོམ་པ་པོ།   རིན་ཆེན་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2020-10-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

རྫ་སྟོད་གངས་ཀྱིས་བཟུང་དུས།།

རི་དྭགས་རྫ་ནས་ཐོན་བྱུང་།།

རྫ་འདབས་ནོར་གྱིས་བཟུང་དུས།།

འབྲི་མར་སེར་པོ་བླངས་སོང་།།

 

སྟོད་ཕྱོགས་ཤྭ་ཁ་རི་བོར།།

ཁ་བའི་འདབ་མ་ལྷུང་དུས།།

སྨད་ཕྱོགས་པོ་ཏ་མཚོ་ཁར།།

གསེར་མདོག་སྡོང་ལོ་ལྷུང་བྱུང་།།

ཚོན་ལྡན་རེ་ལྕག་མེ་ཏོག།

ཡང་ཐང་སྤང་ནས་བཞད་དུས།།

ཆུང་འདྲིས་ཡང་ཐང་བུ་མོས།།

བརྩེ་འཕྲིན་ཆུ་ལ་བསྐུར་སོང་།།

 

རྒྱང་རིང་སྙིང་གི་བྱམས་པར།།

འཕྲིན་པ་འབྱོར་ཐབས་མེད་རུང་།།

རེ་ལྕག་མེ་ཏོག་བཞད་དུས།།

ཕ་ཡུལ་ཕྱོགས་ལ་བལྟས་ཡོང་།།

 

མེ་ཏོག་རི་ནས་འཐོར་དུས།།

རྩྭ་ལ་རྩྭ་རྐང་རྒྱས་ཡོང་།།

ནགས་ཕག་མཚོ་མཐའི་ནོར་ལ།།

སྟོན་གྱི་ཤ་ཤེད་རྒྱས་སོང་།།

 

མཚོ་བྱ་བྱང་ནས་ཐོན་དུས།།

མཚོ་ལ་མཚོ་ཆུ་རྒྱས་སོང་།།

གསེར་མིག་ཉ་ཡི་ཁྱུ་ཚོགས།།

འཁྱུག་རྩལ་མཚོ་ནས་ངོམས་སོང་།།



གསེར་ལྡན་གཟིག་རིའི་འདབས་ནས།།

ལུག་ཁྱུ་སྤང་ལ་འཁོར་དུས།།

སྒེག་ལྡན་ལུག་རྫི་བུ་མོས།།

རྫི་གླུ་བླངས་ནས་ཐོན་བྱུང་།།

 

ཕར་ཁའི་སྟག་རའི་མགོ་ནས།།

དཀར་ནག་རྟ་ཁྱུ་མཐོང་དུས།།

ཆུང་དུས་སྟོན་གྱི་རུ་མཚེས།།

ཡ་ཆུང་ཁོག་ནས་དྲན་བྱུང་།།

 

ཟླ་ལ་སྟོན་ཟླ་སླེབས་དུས།།

ཞིང་ལ་ལོ་ལེགས་བྱུང་སོང་།།

སྐྱེ་ཡག་སྟོན་བསྡུའི་བུ་མོ།།

ནས་ཞིང་ཁ་ནས་འཛུམ་སོང་།། 


བསིལ་འཇམ་སྟོན་རླུང་ལྡང་དུས།།

ཁུར་ལྗིད་སྙེ་མ་ལྡེམ་སོང་།།

གསེར་མདོག་རླབས་ཀྱི་འཕྲེང་བ།།

ནས་ཞིང་ཁ་ནས་གཡོ་སོང་།། 


འབྲུ་རྡོག་སྔོན་མོ་འཐོར་དུས།།

འབྲུ་མཛོད་གསེར་གྱིས་བལྟམས་སོང་།།

རྩམ་པའི་བཅུད་ལ་རོལ་དུས།།

ནས་ཞིང་གྲུ་བཞི་དྲན་བྱུང་།།



རྒྱལ་ཐང་འོ་མ་མཚོ་ལ།།

མཚོ་ལ་མཚོ་རླུང་འཁོར་དུས།།

བལ་འཇམ་ཁུར་མོང་མེ་ཏོག།

མཚོ་མོའི་མཁའ་ལ་བཀྱགས་སོང་།།

 

སྡེ་མཐའི་རྩི་ཏོག་སྐམ་དུས།།

རི་ལུང་འཁྱག་པས་བདམས་སོང་།།

རྒྱལ་ཐང་སྟོན་གྱི་དུས་སྟོན།།

རྗོགས་པའི་དུས་ལ་བབས་སོང་།།