བོད་ཀྱི་རྒུན་ཆང་རྒྱལ་སྤྱིའི་ཐོག་ཏུ་སྐྱོད་འགོ་ཚུགས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-08   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

         བོད་རང་སྐྱོང་ལྗོངས་ཆབ་མདོ་གྲོང་ཁྱེར་འཇང་རིགས་ཤང་དུ་བོད་ཤར་དཀོན་ནོར་ཨ་རག་ལས་རིགས་ཚད་ཡོད་ཀུང་སིའི་སྤུས་ཚད་ཞིབ་བཤེར་གྱི་འགན་འཁུར་བ་ཝུའུ་ཁྲང་ལིས། ས་གནས་དེ་གའི་མང་ཚོགས་ཀྱིས་འདེབས་འཛུགས་བྱས་པའི་རྒུན་འབྲུམ་ཉོ་སྒྲུབ་བྱེད་བཞིན་ཡོད། ས་གནས་དེ་གར་མུ་ཏིག་ནག་པོ་ཞེས་གྲགས་པའི་རྒུན་འབྲུམ་དག་དུས་ཡུན་གཟའ་འཁོར་གཅིག་ཙམ་རིང་ཉོ་སྒྲུབ་དང་འདེམས་སྒྲུག་སོགས་ཀྱི་ལས་རིམ་བརྒྱུད་རྗེས་རྒུན་ཆང་སྙོལ་གྱི་ཡོད་ཅེས་བརྗོད།  

རྒུན་འབྲུམ་ལེགས་འདེམས་བྱེད་བཞིན་པ།

       དུས་རབས་བཅུ་དགུ་པར། གནམ་བདག་ཆོས་ལུགས་ཆབ་མདོར་དར་བ་དང་བསྟུན། རྒུན་ཆང་དང་རྒུན་ཆང་བསྙལ་བཟོའི་ལག་རྩལ་ཡང་དེ་དང་བསྟུན་ནས་གནས་དེར་དར་འགོ་ཚུགས། དུས་དེ་ནས་བཟུང་། ས་གནས་དེ་གའི་མང་ཚོགས་ཀྱིས་རྒུན་འབྲུམ་འདེབས་པ་དང་། རྒུན་ཆང་བསྙལ་བ། རྒུན་ཆང་འཐུང་བ་བཅས་ཀྱི་གོམས་གཤིས་འཇགས། ས་ཆ་དེའི་ཆ་སྙོམས་ས་བབ་མཐོ་ཚད་ལ་སྨི་2900ཡོད་པ་དང་། རོང་ས་ཆུང་ཆུང་གི་ས་དབྱིབས་ཡིན་ལ། དུས་བཞིར་ཉི་འོད་འདང་ངེས་འཕྲོ་བ་སོགས་རང་བྱུང་ཆ་རྐྱེན་མ་ལུས་འཛོམས་པས་གནས་དེ་རྒུན་ཆང་བསྙལ་སའི་གནས་མཆོག་ཅིག་ཏུ་གྱུར། 

   བདག་དམར་གཡང་རྒུན་ཆང་གི་ཐོན་རྫས་ངོ་སྤྲོད་ཁུལ། 

        སྤྱི་ལོ་2009ལོར། བོད་ཀྱི་རྒུན་ཆང་ཐོན་སྐྱེད་ཁེ་ལས་དང་པོ་སྟེ། བོད་ཤར་དཀོན་ནོར་ཨ་རག་ལས་རིགས་ཚད་ཡོད་ཀུང་སི་འཇང་རིགས་ཤང་དུ་བཙུགས་པ་དང་། གཙོ་བོ་རྒུན་ཆང་བསྙལ་བཟོ་དང་ཕྱིར་འཚོང་བྱེད་ཀྱི་ཡོད་ཅིང་། ཐོན་སྐྱེད་བྱེད་ཚད་དང་ཐོག་མའི་ཏུན་7ནས་ད་ཆ་ཏུན་460བར་འཕར་ཡོད།

       ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ལོ་2019ལོར། ཀུང་སིའི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་3350ཟིན་ཡོད། ཝུའུ་ཁྲང་ལིས།རྒུན་འབྲུམ་ཉོ་སྒྲུབ་བྱས་པ་དེས་ས་གནས་དེའི་མང་ཚོགས་ལ་འབབ་འཕར་བྱུང་ཡོད་ཅེས་དང་། ཁོང་གིས། ལོ་ལྟར་ཀུང་སིས་ཞིང་འབྲོག་པར་གནས་སྐབས་ལས་གནས་ཁྱོན་700ལྷག་ཙམ་མཁོ་འདོན་བྱས་པས་མི་རེར་ལོ་རེའི་ཡོང་འབབ་སྒོར་8000ཡན་ཟིན་གྱི་ཡོད་ཅེས་བརྗོད་ཀྱི་འདུག

       རྒུན་ཆང་ཐོན་སྐྱེད་ཀྱི་རྒྱུ་ཆའི་གནད་དོན་ཐག་གཅོད་དང་ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དེ་བས་མང་བར་འབབ་འཕར་ཡོང་ཆེད། 

       སྤྱི་ལོ་2013ལོར་ཀུང་སིས་ཁེ་ལས་དང་། མཐུན་ཚོགས། རྟེན་གཞི། ཞིང་དུད་བཅས་ཟུང་དུ་འབྲེལ་བའི་ཐོན་ལས་ཅན་གྱི་རྣམ་པ་བཏོད་པ་དང་། ཁེ་ལས་ཀྱིས་ལག་རྩལ་མཁོ་འདོན་བྱས་པ་དང་འབྲེལ་མང་ཚོགས་ཀྱི་ས་ནས་རྒུན་འབྲུམ་ཉོ་སྐབས་ཁྲོམ་རའི་ཆ་སྙོམས་རིན་གོང་གི་རྨང་གཞིའི་ཐོག་རིན་གོང་10%སྤར་ནས་ཉོ་གི་ཡོད། དེས་ལོ་ཧྲིལ་པོར་འཇང་མི་རིགས་ཤང་དང་། མུ་ཤུལ་ཤང་། ཆུ་ཚན་ཁ་ཤང་གསུམ་གྱིས་ཨ་རག་བསྙལ་བྱེད་ཀྱི་རྒུན་འབྲུམ་མུའུ་2500འདེབས་འཛུགས་བྱ་རྒྱུར་སྐུལ་ཁྲིད་ཐུབ་ཡོད།

ས་གནས་དེ་གའི་མང་ཚོགས་ཀྱི་ལག་ནས་ཉོས་པའི་རྒུན་འབྲུམ།

       ཤེས་རྟོགས་བྱུང་བར་གཞིགས་ན། བདག་དམར་གཡང་སྤུས་རྟགས་ལ་སྐབས་བརྒྱད་པའི་ཨེ་ཤ་ཡའི་རྒུན་ཆང་གི་སྤུས་ཚད་འགྲན་བསྡུར་ཆེ་མོའི་ནང་གསེར་གྱི་བྱ་དགའ་ཐོབ་པ་དང་། འདི་ལོ་སླར་ཡང་འཛམ་གླིང་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་དང་ཤུགས་རྐྱེན་ཆེ་ཤོས་ལྡན་པའི་རྒུན་ཆང་འགྲན་བསྡུར་ཏེDecanterའཛམ་གླིང་རྒུན་ཆང་འགྲན་བསྡུར་ཆེ་མོར་བྱ་དགའ་ཐོབ་པ་རེད། 

 ཁེ་ལས་གསར་གཏོད་མཁན་བློ་བཟང་ཚེ་རིང་།

       ཁེ་ལས་གསར་གཏོད་པ་བློ་བཟང་ཚེ་རིང་གིས། དེ་ནི་བོད་ཀྱི་རྒུན་ཆང་རྒྱལ་སྤྱིའི་ཕྱོགས་སུ་སྐྱོད་འགོ་ཚུགས་པ་ཞིག་ཡིན་པས། རྒུན་འབྲུམ་ཐོན་ལས་ཅན་གྱི་འདེབས་འཛུགས་བྱས་པ་དང་བསྟུན། མཚོ་བོད་ས་མཐོའི་ཐོག་དམིགས་བསལ་ཁྱད་ཆོས་ལྡན་པའི་སྣོད་བཅུད་ཞིང་ལས་ཀྱི་མཛེས་ལྗོངས་ཤིག་གཏོད་རྒྱུ་རེད་ཅེས་ངོ་སྤྲོད་བྱས་པ་རེད།