བོད་ཀྱི་མཐོང་ཚོར་དང་རིས་དབྱིབས་སྒྱུ་རྩལ་གླེང་སྟེཊ་གཉེར་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-06   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།་དྲ་བ།

       ཟླ་10ཚེས་2ཉིན་བོད་ལྗོངས་དབུ་ལམ་རིག་རྩལ་སློབ་གསོའི་ཐེབས་རྩ་ལྷན་ཚོགས་དང་བོད་ཀྱི་མཚོན་བྱེད་རིས་དབྱིབས་ཞིབ་འཇུག་ལྟེ་གནས་ཀྱིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་པའི་བོད་ཀྱི་མཐོང་ཚོར་དང་རིས་དབྱིབས་སྒྱུ་རྩལ་འཕེལ་རྒྱས་གླེང་སྟེགས་དེ་ལྷ་སའི་དབུ་ལམ་སྒྱུ་རྩལ་ལྟེ་གནས་སུ་གཉེར་ཡོད་པ་དང་། འབྲེལ་ཡོད་ཚན་པའི་འགན་འཁུར་བ་དང་ལས་རིགས་གཅིག་པའི་རིགས་གཅིག་མཁས་པ་སོགས་མི་100ཙམ་ད་ཐེངས་ཀྱི་གླེང་སྟེགས་ནང་ཞུགས་ཡོད་པ་རེད།

       བོད་ལྗོངས་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། 《བོད་ཀྱི་མི་ཆོས་ས་ཁམས》ཞེས་པའི་རྩོམ་སྒྲིག་པ་གཙོ་བོ་རྒྱ་མཚོ་ལགས་ཀྱིས་འགོ་འཛུགས་མཛད་སྒོའི་ཤིས་ཚིག་སྒྲོན་པ་དང་། ཁོང་གིས། བོད་ཀྱི་མཚོན་བྱེད་རིས་དབྱིབས་ཞིབ་འཇུག་ལྟེ་གནས་ནི་ཀྲུང་གོའི་བོད་ཀྱི་གནའ་བོའི་སྒྱུ་རྩལ་དང་། དེང་རབས་སྒྱུ་རྩལ། འཛམ་གླིང་སྒྱུ་རྩལ་བཅས་ལ་ཞིབ་འཇུག་བྱེད་པའི་རྟེན་གཞིར་བརྩིས་ནས། བོད་ཀྱི་སྒྱུ་རྩལ་ཚན་རིག་དང་མཛེས་དཔྱད་སློབ་གསོའི་བྱ་གཞག་འཕེལ་རྒྱས་འགྲོ་བ་སྐུལ་འདེད་གཏོང་ཆེད་བཙུགས་པ་ཞིག་རེད། གླེང་སྟེགས་འདིས་ཀྲུང་གོའི་བོད་ཀྱི་རིག་གནས་འཐབ་ཇུས་ཀྱི་ཞིབ་འཇུག་ལ་དེ་བས་མང་བའི་གྲོས་འགོ་བཏོན་ནས་ཀྲུང་གོའི་བོད་ཀྱི་སྒྱུ་རྩལ་རིག་པ་དང་། མཛེས་དཔྱོད་འཕེལ་རྒྱས། དེ་བཞིན་རིག་གནས་གསར་གཏོད་ཞིབ་འཇུག་བཅས་ཀྱི་ལས་དོན་ལ་དགོས་ངེས་ཀྱི་ལེགས་སྐྱེས་འབུལ་ངེས་རེད་ལ། དེ་དང་དུས་མཚུངས་སུ་ཞིབ་འཇུག་ལྟེ་གནས་ཀྱིས་ལས་དོན་ཁག་སྤེལ་ནས་འབྱུང་འགྱུར་བོད་ཀྱིས་མཛེས་དཔྱོད་སློབ་གསོར་མཐོང་ཆེན་དང་འཕེལ་རྒྱས་གཏོང་བར་དགེ་མཚན་ལྡན་པའི་ཐོན་ཁུངས་མཁོ་འདོན་བྱེད་ཐུབ་པའི་ཡིད་ཆེས་ཡོད་ཅེས་བསྟན་འདུག

       ད་ཐེངས་ཀྱི་མཐོང་ཚོར་དང་རིས་དབྱིབས་སྒྱུ་རྩལ་འཕེལ་རྒྱས་གླེང་སྟེགས་འདི་རིག་གཞུང་རང་བཞིན་གྱི་བགྲོ་གླེང་ཚོགས་འདུ་ཞིག་ཡིན་པ་དང་། ང་རང་མི་སྒེར་གྱི་མྱོང་བ་དང་བོད་སྤྱིའི་ལོ་རྒྱུས་ཀྱི་ངོས་ནས་བརྗོད་ནའང་འདི་ནི་ཐེངས་དང་པོ་ཡིན། འདིས་བོད་ཀྱི་མཐོང་ཚོར་པར་རིས་དང་དབྱིབས་བཟོའི་སྒྱུ་རྩལ་རྒྱུན་འཛིན་དང་འཕེལ་རྒྱས། གསར་གཏོད། དེ་བཞིན་དར་རྒྱས་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་རྒྱུ་རེད་ཅེས་བོད་ལྗོངས་རྩོམ་རིག་སྒྱུ་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་མཚན་འཛིན་ཀྲུའུ་ཞི། བོད་ལྗོངས་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི། བོད་ལྗོངས་མཛེས་རྩལ་ཁང་གི་འགོ་འཛིན་བཅས་ཡིན་པའི་དགེ་རྒན་ཧན་ཧྲུའུ་ལིས་དེ་ལྟར་གསུངས་འདུག

       ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་གླེང་སྟེགས་ཐོག་མཐོང་ཚོར་དང་རིས་དབྱིབས་མི་འདྲ་བའི་ཁྱབ་ཁོངས་ནས་ཡོང་བའི་ལས་རིགས་ཁག་གི་མཁས་པ་9གདན་འདྲེན་ཞུས་ནས། འཛམ་གླིང་གི་ཁ་དོག་དང་བོད་ཀྱི་བརྙན་རིས། དེ་བཞིན་བོད་ཀྱི་རིས་དབྱིབས་གཞི་རྒྱུའི་ཁོངས་དང་ཁམས་ཞེས་པའི་བརྗོད་དོན་གཙོ་བོ་ལ་དམིགས་ནས་དུས་ཡུན་ཉིན་གསུམ་རིང་གྲོས་བསྡུར་བྱས་པ་དང་། མཐོང་ཚོར་དང་རིས་དབྱིབས་ཁྱབ་ཁོངས་ཀྱི་ནང་དོན་དང་མཐའ་མཚམས། དེ་བཞིན་བོད་ཀྱི་མཐོང་ཚོར་གཞི་རྒྱུའི་སྣ་མང་མཉམ་འདྲེས། རིག་གནས་སྒྱུ་རྩལ་གསར་གཏོད་ཀྱི་ཇུས་འགོད་བརྗེ་སྒྱུར་སོགས་ཀྱི་ཁྱབ་ཁོངས་མི་འདྲ་བའི་ཚོང་ལས་ལག་ལེན་དང་སྣ་མང་ཅན་གྱི་བཀོལ་སྤྱོད་ལ་དབྱེ་ཞིབ་གནང་ཡོད་པ་རེད། 

       བོད་ལྗོངས་དབུ་ལམ་རིག་གནས་སྒྱུ་རྩལ་སློབ་གསོའི་ཐེབས་རྩ་ལྷན་ཚོགས་དང་བོད་ཀྱི་མཚོན་བྱེད་རིས་དབྱིབས་ཞིབ་འཇུག་ལྟེ་གནས་ཀྱི་འགོ་འཛིན་སྐུ་ཞབས་ཞུས་དབྱིང་ལུང་གིས་ངོ་སྤྲོད་གནང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི། རིག་གཞུང་གླེང་སྟེགས་ཀྱི་རྣམ་པའི་ཐོག་ནས་ཕྱོགས་ཁག་གི་བློ་གྲོས་མཉམ་འདྲེས་བྱས་ཏེ་སྒྱུ་རྩལ་འདིའི་ཁྱབ་ཁོངས་ཀྱི་རིག་གཞུང་ཞིག་ཆགས་པར་བྱས་ནས། བོད་ཀྱི་སྒྱུ་རྩལ་ཚན་རིག་དང་མཛེས་དཔྱད་སློབ་གསོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་། བོད་ཀྱི་མཐོང་ཚོར་སྒྱུ་རྩལ་དང་རིས་དབྱིབས་ཞིབ་འཇུག་གི་གནས་ཚུལ་ལ་དོ་ཁུར་ཐོབ་པ་བྱ་རྒྱུ། རྒྱལ་ཁབ་ཕྱི་ནང་གི་མཛེས་རིག་ཁྱབ་ཁོངས་སུ་བོད་ཀྱི་སྒྱུ་རྩལ་གྱི་སྐད་ཆ་ཤོད་དབང་དེ་བས་ཆེ་རུ་གཏོང་རྒྱུ་བཅས་ཀྱི་ཆེད་དུ་ཡིན་ཞེས་གསུངས་འདུག