གདང་ལའི་སྟེང་གི་ས་བབ་མཐོ་ཤོས་ཀྱི་གཞུང་ལས་ཁང་།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-06   རྩོམ་ཁུངས།    ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

        

        ལོ་རབས་90པའི་རྗེས་སུ་སྐྱེས་པའི་བོད་ལྗོངས་ཀྱི་ན་གཞོན་ནོར་བུ་རིན་ཆེན་ལ་དམིགས་བསལ་གྱི་གཞུང་ལས་ཁང་ཞིག་ཡོད་པ་དེ་ནི་གདང་ལའི་རི་རྒྱུད་ཀྱི་འཁྱགས་རོམ་དུ་གནས་ཤིང་། དེར་འཛམ་གླིང་ཐོག་ཁེར་རྐྱང་དུ་གནས་པའི་གཞུང་ལས་ཁང་ཞེས་ཀྱང་འབོད་ཀྱི་ཡོད། གཞུང་ལས་ཁང་དེ་མཚོ་འཕགས་6000ལྷག་ཙམ་ཟིན་པའི་འཁྱགས་རོམ་ཁུལ་དུ་གནས་པ་དང་དེའི་མཐའ་འཁོར་གྱི་ཁོར་ཡུག་བརྗིད་ཉམས་ཤིན་ཏུ་ཆེ།  

        ནོར་བུ་རིན་ཆེན་སློབ་ཆེན་ཐོན་རྗེས། ཕ་ཡུལ་གྱི་ཆུ་བཟོ་གྲྭའི་ལས་ཀར་ཞུགས་པ་དང་། གདོད་མའི་རྣམ་པའི་འཁྱགས་རོམ་གྱི་ཆུ་འགོ་སྲུང་བའི་འགན་འཁུར་གྱི་ཡོད། དུས་བཀག་ལྟར་འཁྱགས་རོམ་ཁུལ་དུ་གནས་པའི་ཆུ་འགོར་ལྟ་ཞིབ་ཚད་ལེན་བྱེད་བདེ་པོ་ཡོང་ཆེད། ཁོང་གིས་ལྟ་ཞིབ་ཚད་ལེན་བྱ་ཡུལ་དུ་དམིགས་བསལ་གྱི་གཞུང་ལས་ཁང་ཞིག་བསྐྲུན་པ་དང་། བེད་སྤྱོད་མེད་པའི་སྐབས་སུ་གུར་གྱིས་ཁེབས་གཡོགས་ནས་འཇོག་གི་ཡོད།   

        ནོར་བུ་རིན་ཆེན་གྱིས། མ་གཞི་འདི་གར་ལས་དོན་སྒྲུབ་ན་ཅུང་ཡུལ་པོ་འདུག་ལ་ཁོར་ཡུག་ཀྱང་ཞན་མོད། འོན་ཀྱང་ཆུ་འགོ་སྲུང་སྐྱོབ་ལ་ནུས་པ་འདོན་ཐུབ་པས། དེ་ནི་ང་རང་གི་བདེ་སྐྱིད་ཆེ་ཤོས་ཡིན་པར་འདོད། ང་ཚོའི་བཟོ་གྲྭའི་ཆུ་འགོ་ནི་འཁྱགས་རོམ་བཞུར་བ་ལས་བྱུང་ཞིང་། དྭངས་གཙང་ལྷད་མེད་ཅིག་ཡིན་པས་ང་རང་ནས་རྩ་ཆེའི་ནོར་བུ་ལྟ་བུའི་ཆུ་འགོ་འདིར་སྲུང་སྐྱོང་བྱེད་འདོད་འདུག་ཅེས་བརྗོད།

        ནོར་བུ་རིན་ཆེན་གྱིས། ང་ཚོའི་བཟོ་གྲྭ་ནས་མཐོ་ཚད་མཚོ་འཕགས་7111ཟིན་པའི་གདང་ལ་རི་རྒྱུད་ཀྱི་འཁྱགས་རོམ་བཞུར་བའི་ཆུ་མཁོ་འདོན་བྱེད་ཀྱི་ཡོད་པས། ཆུ་འགོ་སྲུང་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་ཞེས་བརྗོད། རྒྱུས་ལོན་བྱུང་བ་ལྟར་ན། ནོར་བུ་རིན་ཆེན་དེ་སྔ་ཀུའེ་ཀྲོའུ་རུ་སློབ་ཆེན་འགྲིམས་མྱོང་བ་དང་། སློབ་གྲོགས་མང་ཆེ་བ་སློབ་གྲྭ་ཆེན་མོ་མཐར་ཕྱིན་རྗེས་གྲོང་ཁྱེར་ཆེ་ཁག་ཏུ་ལས་ཀ་བྱེད་ཀྱི་ཡོད། འོན་ཀྱང་ཁོང་ཕ་ཡུལ་དུ་ལོག་སྟེ་འཁྱགས་རོམ་ཁུལ་གྱི་ཆུ་འགོ་སྲུང་ནས་ལང་ཚོ་སྐྱེས་སུ་འབུལ་རྒྱུའི་གདམ་ག་བྱས།  ནོར་བུ་རིན་ཆེན་གྱིས། རང་ཉིད་ནས་སྲུང་སྐྱོང་བྱེད་པའི་རྩ་ཆེའི་ནོར་བུ་ལྟར་གྱི་ཆུ་འདི་དག་དྲ་སྦྲེལ་བརྒྱུད་རྒྱལ་ཡོངས་ས་གནས་ཁག་ལ་འཚོང་བཞིན་ཡོད་ཅེས་དང་། ནོར་བུ་རིན་ཆེན་གྱིས། ང་ཚོས་དྲ་སྦྲེལ་ལས་སྟེགས་དང་མཉམ་ལས་བྱས་པ་བརྒྱུད། ཕ་ཡུལ་གྱི་ཆུ་སྤུས་དག་དེ་མི་དེ་བས་མང་བར་ལོངས་སྤྱོད་བྱ་རྒྱུ་ཡིན། ང་རང་ནས་ཀྱང་ན་གཞོན་དེ་བས་མང་བས་ང་ཚོ་དང་མཉམ་དུ་ས་གོ་ལའི་ཆུའི་ཐོན་ཁུངས་ལ་སྲུང་སྐྱོང་བྱ་རྒྱུའི་རེ་བ་འཆང་བཞིན་ཡོད་ཅེས་བརྗོད།