བོད་ཀྱི་འཇིམ་བཟོ་ལག་རྩལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-10-05   རྩོམ་ཁུངས།    ཁམས་པའི་དྲ་བ།

        བོད་ཀྱི་འཇིམ་བཟོའི་ལག་རྩལ་ནི་གཉའ་ཁྲི་བཙན་པོའི་དུས་བོན་པོའི་ཆོས་ཐོག་མར་དར་བ་ནས་གཟུང་བོན་པོ་ཚོས་འཇིམ་པ་ལ་རི་དྭགས་ཤྭ་བའི་གཟུགས་བཟོས་ཏེ་ནམ་མཁའ་ལ་འགྲོ་བ་སོགས་ཀྱི་མིག་འཕྲུལ་སྟོན་ཐུབ་ཀྱི་ཡོད་པའི་ལོ་རྒྱུས་འདུག་པ་དེ་གཞིར་བཟུང་ན། སྐབས་དེ་དུས་ནས་འཇིམ་པ་ལ་སྲོག་ཆགས་ཀྱི་གཟུགས་དབྱིབས་བཟོ་ཐུབ་ཀྱི་ཡོད་པ་མ་ཟད་ལག་རྩལ་ཡང་མཐོ་པོ་ཡོད་པ་གསལ་བཤད་བྱུང་ཡོད་ཅིང་། རྒྱལ་པོ་སྲོང་བཙན་སྒམ་པོའི་སྐབས་ནས་ལྷ་ས་གཙུག་ལག་ཁང་གི་འཇིམ་བཟོའི་ལྷ་སྐུ་མང་ཆེ་བ་རྣམས་བལ་པོའི་ལྷ་བཟོ་བས་བཞེངས་པ་དང་། རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱི་དུས་སུ་བསམ་ཡས་གཙུག་ལག་ཁང་གི་འཇིམ་བཟོའི་ལྷ་སྐུ་རྣམས་བལ་བོའི་ལྷ་བཟོ་བས་བཞེངས་པའི་ལོ་རྒྱུས་འདུག དུས་རབས་བཅུ་པའི་མཇུག་བོད་དུ་སངས་རྒྱས་ཆོས་ལུགས་བསྐྱར་གསོ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་དན་ཏིག་ས་ཁུལ་དགེ་སློང་ཀླུ་མེས་འབྲོམ་ཆུང་རྒྱ་ནག་གི་ཁྲང་ཨན་དུ་ཕེབས་ནས། དེ་སྔོན་ཐང་གི་གོང་མ་མིང་ཙུང་སྐབས་བྲིས་པའི་གནས་བརྟན་བཅུ་དྲུག་གི་འདྲ་རིས་དཔེ་བཤུས་མཛད་ནས་བོད་དུ་རི་མོའི་ལག་རྒྱུན་སྤེལ་བ་དང་ཆབས་ཅིག་རི་མོ་དེ་ལ་མ་དཔེ་བྱས་ཏེ་གནས་བརྟན་བཅུ་དྲུག་གི་འབུར་སྐུ་ཐོག་མར་བཞེངས་ཏེ། བྲག་ཡེར་པ་དགོན་པར(དེང་སང་ལྷ་ས་གྲོང་ཁྱེར་ཁོངས)གནས་བཅུ་ལྷ་ཁང་གསར་རྒྱག་བྱས་ཏེ་གཏན་དྲངས། དེ་ནས་དུས་རབས་བཅུ་གཅིག་པའི་འགོ་ནས་བཟུང་བཀའ་གདམས་པའི་ཆོས་ལུགས་བོད་དུ་དར་རྒྱས་བྱུང་སྟེ་དབུས་གཙང་མངའ་རིས་ཁམས་གསུམ་བཅས་ལ་དགོན་པ་གསར་པ་མང་པོ་འཕེལ་རྒྱས་བྱུང་བ་དེ་ཚོའི་ནང་ཡོད་པའི་འཇིམ་བཟོའི་སྐུ་མང་ཆེ་བ་རྣམས་བོད་རིགས་འཇིམ་བཟོ་བས་བཞེངས་པ་ཡིན་ཞིང་། དཔེར་ན། སྐབས་དེར་བོད་དུ་སྐད་གྲགས་ཡོད་པའི་སྣར་ཐང་དགོན་པ་དང་། ས་སྐྱ། རྭ་སྒྲེང་། དྭགས་ལྷ་སྒམ་པོ། ཞ་ལུ། གསང་ཕུ་སོགས་ལ་ཡོད་པའི་འཇིམ་བཟོའི་ལྷ་སྐུ་བཞེངས་མཁན་ཕལ་ཆེ་བ་ནི་བོད་རིགས་ཡིན་ཀྱི་འཇིམ་བཟོ་བ་ཡིན་ལ། དུས་རབས་བཅུ་བཞི་པའི་འགོ་ནས་བཟུང་བོད་རིགས་འཇིམ་བཟོ་བ་རྣམས་ཀྱི་ལག་རྩལ་ཆུ་ཚད་མཐོ་རུ་སོང་སྟེ་འཇིམ་བཟོའི་ལྷ་སྐུ་ཆེ་གྲགས་ཐོག་ཚད་གསུམ་བཞི་ཙམ་ལོན་པ་བཞེངས་ཐུབ་པ། འགའ་ཤས་ནི་ཐོག་ཚད་བཞི་ལྷག་ཙམ་ཡོད་པ་མ་ཟད། དེ་ཚོའི་འཇིམ་བཟོའི་ལག་རྩལ་གྱི་ཆུ་ཚད་ཧ་ཅང་མཐོན་པོ་ཡོད་པ་བཅས་སོ།།图片来源:百度