《བོད་ཀྱི་གསོ་བ་རིག་པའི་མིང་ཚིག་བོད་རྒྱ་ཤན་སྦྱར་མ》པར་དུ་བསྐྲུན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-29   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        ཉེ་སྔོན། མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་དང་བོད་ལྗོངས་སྨན་རྩིས་ཁང་གཉིས་མཉམ་འབྲེལ་སྒོས་མི་ལོ་དྲུག་ཙམ་གྱི་རིང་ལ་རྩོམ་སྒྱུར་གནང་བའི《བོད་ཀྱི་གསོ་བ་རིག་པའི་མིང་ཚིག་བོད་རྒྱ་ཤན་སྦྱར་མ》དངོས་སུ་པར་སྐྲུན་འགྲེམས་སྤེལ་བྱས།

        བོད་ཀྱི་གསོ་བ་རིག་པའི་མིང་བརྡ་ཚད་ལྡན་ཅན་དུ་གཏན་འབེབས་བྱ་རྒྱུ་ནི་བོད་ཀྱི་གསོ་བ་རིག་པ་འདི་ཉིད་དེང་རབས་ཅན་དང་རྒྱལ་སྤྱི་ཅན་ལ་ཁ་ཕྱོགས་པའི་རྨང་གཞིའི་ལས་དོན་ཞིག་ཡིན་པས། སྤྱི་ལོ2012ལོར་མཚོ་སྔོན་ཞིང་ཆེན་བོད་ཀྱི་གསོ་རིག་ཞིབ་འཇུག་གླིང་གིས་བོད་ཀྱི་གསོ་བ་རིག་པའི་མིང་བརྡའི་ཚད་གཞི་ཞིབ་འཇུག་གི་ལས་གཞི་འདི་སྒྲུབ་མགོ་བརྩམས་ཤིང་། མཚོ་སྔོན་བོད་ལུགས་གསོ་རིག་སློབ་གླིང་དང་མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་ཆེད་ལས་མི་སྣ་བསྡུས་ཏེ་ལས་དོན་འདི་སྒྲུབ་པར་གྲོས་མཐུན་སྒོས་རྩོམ་སྒྱུར་ཚོགས་ཆུང་བཙུགས། ལོ་ངོ་གཉིས་རིང་གསོ་རིག་རྒྱུད་བཞི་དང་འགྲེལ་བ་བཻ་སྔོན། ཤེལ་གོང་ཕྲེང་སོགས་བོད་ཀྱི་གསོ་བ་རིག་པའི་གཞུང་ཁུངས་བཙུན་དག་ལས་བོད་ཀྱི་གསོ་བ་རིག་པའི་རྩ་བའི་རྨང་བརྡ་ལྔ་སྟོང་ལྷག་གདམ་གེསས་དང་མིང་འགྲེལ་བྱས་ཤིང་། ཞིང་ཆེན་ནང་ཁུལ་གྱི་གསོ་རིག་ཆེད་མཁས་པས་མིང་བརྡ་དང་འགྲེལ་བ་དེ་དག་ལ་ཞུ་དག་གནང་།

        སྤྱི་ལོ2015ལོར་བོད་ལྗོངས་སྨན་རྩིས་ཁང་ཡང་མིང་བརྡའི་ཚད་གཞི་ཞིབ་འཇུག་གི་ལས་གཞི་འདི་མཉམ་སྒྲུབ་བྱ་བར་མོས་མཐུན་བྱུང་སྟེ། ལྷ་ས་དང་མཚོ་སྔོན་གྱི་ཤེས་ཡོན་མི་སྣ་ལས་གྲུབ་པའི་རྩོམ་སྒྱུར་ཚོགས་པ་བསྐྱར་འཛུགས་བྱས་ཤིང་བོད་ཀྱི་གསོ་བ་རིག་པའི་མིང་བརྡ་དང་མིང་འགྲེལ་ལ་བཟོ་བཅོས་གང་ལེགས་བྱས། སྔ་ཕྱི་ཐེངས་གསུམ་ལ་བོད་ལྗོངས་དང་མཚོ་སྔོན། ཀན་སུའུ། སི་ཁྲོན། ཡུན་ནན། པེ་ཅིང་བཅས་ནས་གསོ་རིག་ཆེད་མཁས་པ་མང་པོ་གདན་ཞུས་མཛད་དེ་མིང་བརྡ་ལྔ་སྟོང་ལྷག་དང་དེའི་མིང་འགྲེལ་ལ་ཞུས་ཆེན་གནང་མཐར་སྤྱི་ལོ2016ལོར་བོད་ཀྱི་གསོ་བ་རིག་པའི་མིང་ཚིག་ཅེས་པའི་བོད་ཡིག་གི་པར་གཞི་ཐོག་མ་དངོས་སུ་དཔེ་སྐྲུན་བྱས།

        བོད་ཀྱི་གསོ་བ་རིག་པའི་མིང་ཚིག་ཅེས་པའི་དེབ་འདི་རྨང་གཞི་བྱས་ཐོག་སྤྱི་ལོ2016ལོའི་ཟླ6པ་ནས་བཟུང་རྩོམ་སྒྱུར་ཚོགས་པས་མིང་བརྡ་དང་མིང་འགྲེལ་དེ་དག་རྒྱ་ཡིག་ལ་རྩོམ་སྒྱུར་བྱ་བའི་ལས་འགོ་བརྩམས། རྒྱ་བོད་གཉིས་ཀྱི་རིག་གནས་ཀྱི་རྒྱབ་ལྗོངས་མི་འདྲ་བ་དང་། གསོ་རིག་རིག་གཞུང་གི་མ་ལག་མི་འདྲ་བ་སོགས་ཀྱིས་བོད་ཀྱི་གསོ་བ་རིག་པའི་མིང་བརྡ་ལ་དེ་འཚམ་གྱི་རྒྱ་འགྱུར་གྱི་མིང་ཞིག་འགོད་རྒྱུ་ནི་ཤིན་ཏུ་ཁག་པོ་འུདག་ཀྱང་། ང་ཚོས་ལོ་ངོ་གསུམ་གྱི་རིང་ལ་བོད་ལྗོངས་སྨན་རྩིས་ཁང་དང་བོད་ལྗོངས་གསོ་རིག་སློབ་གྲྭ་ཆེན་མོ། མཚོ་སྔོན་བོད་ཀྱི་གསོ་རིག་སློབ་གླིང་། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་། དེ་བཞིན་ཀན་ལྷོ་དང་། ཟི་ཁྲོན། ཡུན་ནན། པེ་ཅིན་བཅས་ཀྱི་འབྲེལ་ཡོད་ཆེད་མཁས་པ་དང་ལོ་ཙཱའི་ཆེད་མཁས་པ་ལ་བཀའ་དྲིན་ཐེངས་མང་ཞུས་ཤིང་ཚོགས་འདུ་རབས་དང་རིམ་པ་བརྒྱུད་བོད་ཀྱི་གསོ་བ་རིག་པའི་མིང་བརྡ5329ཡི་རྒྱ་འགྱུར་གྱི་མིང་དང་དེའི་མིང་འགྲེལ་གཏན་ལ་ཕབ་ཅིང་། པེ་ཅིང་མི་རིགས་དཔེ་སྐྲུན་ཁང་གིས་པར་སྐྲུན་འགྲེམས་སྤེལ་བྱས།

        《བོད་ཀྱི་གསོ་བ་རིག་པའི་མིང་ཚིག་བོད་རྒྱ་ཤན་སྦྱར་མ》པར་སྐྲུན་འགྲེམས་སྤེལ་བྱས་པ་འདིས་བོད་ཀྱི་གསོ་བ་རིག་པ་འདི་ཉིད་དེང་རབས་དང་རྒྱལ་སྤྱི་ཅན་ལ་ཕྱོགས་པར་སྐུལ་འདེད་དང་། བོད་ཀྱི་གསོ་བ་རིག་པའི་ཤེས་བྱ་ཁྱབ་སྤེལ། རིག་གཞུང་སྤེལ་རེས། ཞིབ་འཇུག་གྲུབ་འབྲས་ཁྱབ་བརྡལ་དང་བཀོལ་སྤྱོད། ཐོན་སྐྱེད་ལག་རྩལ་གོང་སྤེལ། སློབ་དེབ་འགྲེམས་སྤེལ། ལྷག་པར་དུ་དེང་རབས་ཆ་འཕྲིན་ལག་རྩལ་དང་གྲངས་མཛོད་འཛུགས་སྐྲུན་བེད་སྤྱོད་སོགས་ལ་མཚོན་ན་གལ་འགངས་ཧ་ཅང་ཆེ་བའི་བྱ་གཞག་ཅིག་རེད།