གླེགས་བམ་ས་ཁུལ་གྱི་འགྱུར་ལྡོག

རྩོམ་པ་པོ།   རྣམ་འཇོམས་ཚེ་རིང་།  ཡིག་བསྒྱུར།       དུས་ཚོད།   2020-09-17   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        གླེགས་བམ་ནི་ཡུན་ནན་ཞིང་ཆེན་འཇོལ་རྫོང་ཡུན་ལིན་ཤང་གི་ཁོངས་ཀྱི་ཁ་བ་དཀར་པོའི་ལྷོ་ངོས་སུ་ཆགས་ཡོད།  དེར་ལྷུང་ལྷུང་དུ་འབབ་པའི་རྦབ་ཆུ་ཞིག་ཡོད་ལ།  དེ་ལ་གླེགས་བམ་རྦབ་ཆུ་ཟེར།  ཡུལ་མི་རྣམས་ཀྱིས་གླེགས་བམ་རྦབ་ཆུའི་འོག་ཏུ་ལུས་ཁྲུས་བྱེད་པ་ནི་སེམས་ཁམས་གཙང་མ་ཞིག་ཏུ་འགྱུར་བར་བརྩིས་བཞིན་ཡོད།


        ང་རང་སློབ་ཆེན་ལོ་རིམ་གཉིས་པའི་སྐབས་སུ་གླེགས་བམ་དུ་ཐེངས་གཅིག་འགྲོ་མྱོང་། སྐབས་དེར་ཞི་ཏང་ནས་གླེགས་བམ་བར་གཞུང་ལམ་མེད་པས་རྐང་ཐང་ལ་ཆུ་ཚོད་བདུན་བརྒྱད་ཙམ་བསྐྱོད་རྗེས་གཞི་ནས་སླེབས་ཀྱི་ཡོད། ད་ཆ་རླངས་འཁོར་ཤར་གཏོང་ཐུབ་ཡོད་ཅིང་། སྐར་མ་བཞི་བཅུ་ཙམ་གྱིས་སླེབས་ཐུབ། ད་ཐེངས་མི་རིགས་མཐུན་སྒྲིལ་དུས་ཆེན་གྱི་གུང་གསེང་རིང་གླེགས་བམ་དུ་བསྐྱོད་སྐབས་གླེགས་བམ་ས་ཁུལ་དུ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་འདུག་པས་ངས་ངོ་མི་ཤེས་པར་གྱུར་སོང་། ད་སྐབས་གླེགས་བམ་དུ་རླངས་འཁོར་ཤར་གཏོང་ཐུབ་པས་རྐང་ཐང་དུ་འགྲོ་མི་དགོས་ཤིང་། རྐང་ཐང་དུ་འགྲོ་བའི་ལམ་དུའང་སོ་ཕག་བཏིང་ཡོད་པས་ས་འདམ་ཁྱོད་ཀྱི་ལྷམ་ངོར་འབྱར་མི་སྲིད།  རྐང་ཐང་དུ་འགྲོ་བའི་ལམ་བུའི་ཐོག་མིས་བཟོས་པའི་རྡོ་སྐས་སོགས་ཡོད་པས།དེ་སྔ་དང་བསྡུར་ན་ལམ་ཇེ་ལེགས་དང་འགྲོ་ཇེ་བདེར་སོང་འདུག