རྒྱལ་ཐང་ར་བ་གྲོང་སྡེར་སྟོན་གྱི་འབྲས་བཟང་སྨིན།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-16   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        མི་རེ་རེའི་སེམས་ཁོངས་ན་རང་ཉིད་ལ་དབང་བའི་སེམས་ཀྱི་ཉི་ཟླ་རེ་ཡོད་པར་བཤད།   ཕྲན་ལ་མཚོན་ནས་བཤད་ན་ཤར་རྒྱལ་ཐང་འོ་མའི་མཚོ་ཁ་ཞེས་གྲགས་པ་ངོ་མཚར་སྟོང་གིས་ཕྱུག་པའི་ཡུལ་འདི་ནི་ཐོག་མའི་རྨི་ལམ་མངོན་དུ་འགྱུར་སའི་གཡང་ས་ཞིག་ཡིན་ལ།   གསེར་ལྗོངས་རྒྱལ་ཐང་ཡུལ་ནས་ཁམས་རྒྱལ་ཐང་དུ་བྱ་བའི་ལས་སྐལ་བྱུང་བ་ཡང་ཆེད་དུ་སུ་ཞིག་གིས་བཀོད་སྒྲིག་གནང་བ་དང་ཅི་ནས་མཚུངས།  ལོ་ངོ་བཅུའི་བྲེལ་འཚུབ་ཀྱི་བར་གསེང་བརྒྱུད་དེ་ཡུལ་འདིའི་རི་ཆུ་ནགས་གསུམ་ཉུལ་ཞིང་འགྲུལ་བཞུད་ཀྱི་གོ་རིམ་ཁྲོད་ནས་ཡུལ་འདི་ལ་སྔར་ལས་ལྷག་པའི་རྒྱུས་ལོན་བྱུང་ཞིང་བརྩེ་བ་མི་ཉུང་བ་ཞིག་ཀྱང་མ་བཅོས་ངང་གིས་ཆགས།  རྒྱལ་ཐང་གི་རྣང་ཞིང་གྲུ་བཞི་དང་ཡངས་པའི་སྤང་ལྗོངས།  རྟ་ནོར་ལུག་གི་རྩེད་འཇོ།  ཡུལ་མིའི་འཛུམ་མདངས་བཅས་ཀྱི་ཁྲོད་འདི་ནས་ཀྱང་ཕ་ཡུལ་དང་གཉིས་སུ་མ་མཆིས་པའི་བརྩེ་བ་མང་པོ་ཞིག་ཉམས་སུ་མྱངས་ཆོག་པ་ཤེས། 

        ངལ་གསོའི་གོ་སྐབས་འཛོམས་པས་རྒྱལ་ཐང་ར་བ་གྲོང་སྡེར་ཐེངས་གཅིག་འགྲུལ་བཞུད་བྱེད་པའི་འདུན་པ་དེ་གཞི་ནས་མངོན་འགྱུར་བྱུང་།  པོ་ཏ་མཚོའི་ཕྱོགས་སུ་བསྐྱོད་པའི་ལེ་དབར་བཅུའི་མཚམས་ཀྱི་གཡས་ལམ་ནི་རྒྱལ་བ་རིགས་ལྔ་དགོན་དུ་བསྐྱོད་ས་ཡིན་པ་དང་དེའི་ཁ་གཏད་ཀྱི་གཡོན་ཕྱོགས་ནི་ཏག་ཏག་རེ་བ་གྲོང་སྡེ་རེད།   རྐང་ལམ་ཕྲ་མོ་ཞིག་དེད་ནས་སོང་ན་སྡེ་གཞུང་དུ་ཐོན་པ་དང་།  སྡེ་བའི་གཡས་གཡོན་ཀུན་དུ་ནས་ཞིང་གིས་བཀང་ནས་བསིལ་ཟེར་རླུང་བུ་ཞིག་དལ་བུར་ལྡང་བ་ན་ནས་དཀར་སྙེ་མའི་མགོ་བོ་གར་དུ་ཡང་ཡང་རྩེན་ལ་ནགས་འདབས་ནས་གནག་ཕྱུགས་ཀྱི་རྐེད་ལ་བཏགས་པའི་དྲིལ་ཆུང་གི་སྒྲ་སྙན་ཞིག་ཀྱང་ཐོས་འཛིན་གྱི་བུ་གར་བརྒྱུད་འོང་བས་གློ་བུར་དུ་སེམས་ལ་ཕ་ཡུལ་དྲན་ཞིང་དྲན་གདུང་གི་ཁྲོད་ནས་རེ་ཞིག་ཧད་དེ་ལུས།  རྫ་ཆུ་བསིལ་མ་ཞིག་ནགས་འདབས་བརྒྱུད་ནས་ཞིང་འདབས་སུ་བཞུར་བའི་གསལ་ལྷང་ལྷང་གི་ཤག་སྒྲ་ཞིག་གིས་ངའི་དྲན་གདུང་གི་རྨི་ལམ་དཀྲོགས་ཤིང་།  གར་དུ་རྩེན་པའི་ཕྱེ་ལེབ་ཆ་གཉིས་ཀྱིས་ངའི་ལམ་སྣ་འདྲེན་པ་བཞིན་ནས་གདེངམཐོན་པོ་ཞིག་གི་འོག་ནས་ངས་ཕྱོགས་བཞིའི་མཛེས་སྡུག་ལ་ལྟད་མོ་ཡུན་རིང་བལྟས། 
        ཞིང་འདབས་ཞིག་ཏུ་ལས་ལ་བརྩོན་པའི་ཁྱོ་ཤུག་གཉིས་ཀྱིས་འདྲུད་འཐེན་འཁོར་ལོའི་ནང་དུ་ཡུངས་དཀར་བཏོག་ནས་སྤུངས་བཞིན་པ་ངའི་མིག་དཀྱིལ་དུ་ག་ལེར་ལྷུང་།    ཁོང་གཉིས་བྲེལ་འཚུབ་མེད་པར་རེ་ཞིག་ལུས་པོ་མར་ལ་སྒུར་ནས་ཡུངས་མ་བཏོག་པ་དང་ཡང་རེ་ཞིག་མགོ་བོ་དགྱེ་དགྱེ་གྱིས་ཁ་བརྡ་རེ་བྱེད་ཞོར་ཡང་བསྐྱུར་བྱ་བའི་ལས་ལ་རེམ།  ཡུན་རིང་བོར་ཞིང་ལས་མ་བྱས་ཤིང་འབྲུ་ལྔའི་དྲི་ཞིམ་མ་ཚོར་བའི་བདག་གིས་ཆུང་དུས་ཀྱི་དྲན་པ་མང་བོ་ཞིག་སེམས་ལ་ལྷུང་ནས་ནར་སོན་པའི་གོ་རིམ་དང་ལོ་ཟླའི་འཁོར་མོ་ཡུག་ནི་ཅི་འདྲའི་མགྱོགས་པ་ལའང་ཞེས་དྲན་ནས་མིག་ཟུང་ལ་མཆི་མའི་རྡོག་པ་ཞིག་ཀྱང་འཁོར།   རྒྱང་རིང་གི་བོད་ཁང་ཞིག་ནས་དུ་སྤྲིན་དགུང་ལ་འཕྱུར་བ་དང་ཁྲག་ཁྲིག་མེད་ན་ཁྱིམ་ཚང་དེས་ཕྱི་ཇ་བསྐོལ་བའི་ལས་བྱེད་ཀྱི་ཡོད་ན་ཐང་།  སྟོན་གྱི་དུས་ལ་ཁྱིམ་མི་ཚང་མར་ཁོམ་ལོང་ཟེར་བ་ཞིག་གཏན་ནས་མེད།   ཚང་མས་རང་རང་གི་ས་ནས་དོན་དག་རེ་སྒྲུབ་དགོས།   བརྗེད་མི་ཐུབ་པ་ཞིག་ལ་ཆུང་དུས་སུ་ཕྱི་དྲོའི་མཚམས་ཞིག་ནས་ཆུ་ཁོལ་དང་ཚལ་རྔོས་མ་གྲ་སྒྲིག་བྱས་ནས་ཞིང་འབྲེག་ཚོའི་གམ་དུ་འཁྱེར་དགོས།  ང་ཚོའི་ཡུལ་ཕྱོགས་ནས་དེ་ལ་ཕྱི་ཇ་ཟེར།   ལས་ཀ་ལྗིད་དྲགས་པས་བར་གསེང་ནས་ཕྱི་ཇ་ཞིག་འཐུང་ན་ངལ་དུབ་མང་པོ་ཞིག་སེལ་ཐུབ་ཀྱི་ཡོད།  
        གློ་བུར་དུ་སྦྲང་ཆར་བསིལ་མ་ཞིག་ཚ་གདུང་སེལ་བའི་གྲོགས་ལ་བྱོན།  རིའི་རྩེ་མོར་སྨུག་པ་ལངས་ནས་རེས་གསལ་རེས་མོག་གི་ལྗོང་རྣམ་ཞིག་ངང་གིས་གྲུབ་ཅིང་།  ཆར་ཟིམ་ཁྲོད་ཀྱི་ནས་ཞིང་ལ་སྔར་ལས་ལྷག་པའི་མཛེས་སྡུག་ཅིག་ཐོན་བྱུང་།   ཆར་བའི་ཤག་སྒྲ་ལས་ངས་ཅི་ཡང་གོ་མི་ཐུབ་ལ་གོ་འདོད་ཀྱང་མ་བྱུང་།   སེམས་པ་ལྷོད་ལ་བབས་ནས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ལ་བལྟ་དུས་ངས་ཉམས་ཆུང་བའི་རང་ཉིད་མཐོང་བྱུང་བ་དང་ཡིད་འོང་གི་ཞིང་ཁ་འདི་རུ་རང་ཉིད་རེ་ཞིག་འགྱིངས་ནས་སྡོད་པ་ཡང་ཆེས་ཆེ་བའི་བདེ་སྐྱིད་དུ་མཐོང་།

        སེམས་ཀྱི་ཉི་ཟླ།  ལྷིང་འཇགས་ཀྱི་ཞིང་ཁམས་ཤིག   ཚོན་མདོག་སྣ་ལྔའི་གྲུབ་པའི་ངོ་མཚར་བའི་འཇིག་རྟེན་ཞིག    འདི་ནས་ཀྱང་གསེར་ལྗོངས་ཡུལ་གྱི་བདེ་སྣང་དང་སྐྱིད་སྣང་མང་པོ་ཞིག་ཉམས་སུ་མྱངས་ཆོག  འདི་ན་ངའི་མངོན་གསལ་གྱི་བདེ་སྐྱིད་ཡོད་ལ་སེམས་ཀྱི་གསང་རྒྱ་ལ་བཀོད་པའི་སུན་སྣང་ཡང་སྦས་ཡོད།  འགལ་འདུ་ཀྱི་ཁྲོད་ནས་ང་རང་ཁྱེད་ལ་དགའ་ཞིང་ཁྱེད་ལ་དུངས་ཡོད།