ཕྲུ་གུ་བཙའ་བའི་ཆ་རྐྱེན་ཡག་ཤོས་གང་དག་ཡིན་ནམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-13   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།

        ཕྲུ་གུ་བདེ་མ་ཐང་མ་ཞིག་བཙའ་ཆེད། ཕྲུ་གུ་སྐྱེ་རྩིས་ཡོད་པའི་ཕོ་མོ་གཉིས་ཀྱིས་རང་ཉིད་ཀྱི་གཟུགས་པོའི་བདེ་ཐང་དང་བསམ་པའི་འཁྱེར་སོ་ཡག་ཤོས་རྒྱུན་འཁྱོངས་བྱེད་དགོས།

        (1)གཟུགས་པོའི་བདེ་ཐང་ལ་སྦྱོང་བརྡར་བྱེད་ཤུགས་ཆེ་རུ་བཏང་ནས་གཟུགས་གཞི་ཐང་པོ་རྒྱུན་འཁྱོངས་བྱེད་དགོས། མངལ་འཁོར་བའི་སྐབས་སུ་མཆིན་ཚད་དང་། སྙིང་ནད། མཁལ་ནད། གཅིན་སྙི་ཟགས་ཁུའི་ནད་སོགས་དོས་དྲག་ནད་དང་གཅོང་ནད་མི་ཕོག་པ་བྱེད་དགོས།

        (2)བསམ་པའི་འཁྱེར་སོ་ལེགས་པོ་ཡོང་བར་སྤྲོ་སྣང་བག་ཡངས་ཀྱི་སེམས་ཁམས་རྒྱུན་འཁྱོངས་བྱེད་དགོས་པ་ལས། ངལ་དུབ་ཆེ་དྲགས་རྒྱུ་མེད།

        (3)ཐ་མག་མི་འཐེན་པ་དང་ཆང་རག་འཐུང་མི་རུང་། ཐ་མག་དང་ཆང་རག་གིས་ཁམས་དཀར་གྱི་བྱ་འགུལ་ལ་ཤུགས་རྐྱེན་ཐེབས་པ་དང་ཁམས་དཀར་གྱི་སྤུས་ཚད་ཇེ་ཞན་དུ་གཏོང་བའམ་ཡང་ན་ཁམས་དཀར་ཡ་མ་གཟུགས་སུ་འགྱུར་སྲིད། དེར་བརྟེན་སྐྱེས་པས་མངལ་མ་འཁོར་གོང་གི་ཟླ་བ་3གྱི་སྔོན་ཚུད་ནས་ཐ་མག་དང་ཆང་རག་གཅོད་དགོས།

       (4)སྐྱེ་འཕེལ་མ་ལག་གི་འཕྲོད་བསྟེན་བདེ་ཐང་ལ་དོ་སྣང་བྱས་ཏེ་རྒྱུན་དུ་སྐྱེ་འཕེལ་མ་ལག་གི་བདག་སྐྱོང་ལ་དོ་སྣང་བྱེད་དགོས་ཤིང་། སྐྱེ་འཕེལ་མ་ལག་གི་ནད་ཡམས་ཀྱིས་ཁམས་དཀར་མངལ་ལམ་ནང་དུ་འཚོ་གནས་ཐུབ་པའི་དུས་ཚོད་དང་ཁམས་དཀར་དང་ཁམས་དམར་ཟུང་འབྲེལ་དང་དེ་བཞིན་ཁམས་དམར་མལ་བྱར་ཚང་མར་གནོད་ཀྱི་ཡོད།

        (5)ཁམས་དཀར་དང་ཁམས་དམར་གྱི་སྤུས་ཚད་འགན་ལེན་བྱ་ཆེད་འཚོ་བཅུད་ཁ་གསབ་འོས་འཚམ་བྱེད་དགོས་ཤིང་། ཕོ་མོ་གཉིས་ཀྱིས་འཚོ་བཅུད་དང་ཚད་ཉུང་མ་རྒྱུ་ཁ་གསབ་འོས་འཚམ་བྱེད་དགོས་ལ། ཡེ་སོན་ཁ་གསབ་ལ་སྣང་ཆུང་བྱ་མི་རུང་། ལྷག་པར་དུ་ལྗང་མདོག་སྔོ་ཚལ་ཁ་གསབ་བྱེད་པར་དོ་སྣང་བྱས་ན་སྦྲུམ་བུའི་དབང་རྩའི་སྦུ་གུ་ཡ་མ་གཟུགས་སུ་མི་འགྱུར་བ་བྱེད་དགོས།

        ཕྲུ་གུ་བཙའ་བའི་ལོ་ཚོད་ཡག་ཤོས་ནི་ག་ཚོད་ཡིན་ནམ།

        རང་རྒྱལ་གྱི་གཉེན་སྒྲིག་བཅའ་ཁྲིམས་ནང་གཏན་འབེབས་བྱས་དོན། སྐྱེས་པ་ལོ་22ལོན་པ་དང་བུད་མེད་ལོ་20ལོན་ཚེ་གཉེན་སྒྲིག་བྱ་ཆོག འོན་ཀྱང་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཇུས་ནི་སྔར་བཞིན་གཉེན་སྒྲིག་ཕྱི་ཙམ་དང་ཕྲུ་གུ་ཕྱི་ཙམ་སྐྱེ་རྒྱུ་དེ་རེད། འོ་ན། ཕྲུ་གུ་བཙའ་བའི་ལོ་ཚོད་ཡག་ཤོས་ག་ཚོད་ཡིན་ནམ་ཞེ་ན། བསྡོམས་རྩིས་ཀྱི་དཔྱད་གཞིའི་ཡིག་རིགས་འབོར་ཆེན་ཞིག་ལ་བལྟས་ན། ཕྲུ་གུ་བཙའ་བའི་ལོ་ཚོད་ཡག་ཤོས་ནི་བུད་མེད་ལོ་25ནས་29བར་དང་སྐྱེས་པ་ལོ་35གོང་ཡིན་པ་རེད། དེའི་རྒྱུ་མཚན་ནི།

        (1)གསོ་རིག་དང་ལེགས་བཙའ་རིག་པའི་ཕྱོགས་ནས་བལྟས་ན། ན་གཞོན་ཕོ་མོ་རྣམས་ཀྱི་སྐྱེ་འཕེལ་དབང་པོ་དང་རུས་པ་དང་དབང་རྩའི་མ་ལག་ནི་སྤྱིར་ན་ལོ་23ནས་24ཟིན་རྗེས་གཞི་ནས་ཡོངས་སུ་འཚར་ལོངས་ཐུབ་པ་དང་། སྐྱེ་འཕེལ་བྱེད་ནུས་ཆེས་དར་ཞིང་རྒྱས་པའི་དུས་སུ་གནས་པས། གཟུགས་པོའི་ཆ་རྐྱེན་དང་ལུས་སྟོབས་ཡག་ཤོས་ཀྱི་དུས་རེད།

        (2)དུས་སྐབས་འདིའི་ན་གཞོན་ཕོ་མོ་གཉིས་ལ་རྒན་བཟོ་སླེབས་པ་དང་། ལས་ཀའི་ཐད་ལའང་ཉམས་མྱོང་ངེས་ཅན་ཞིག་ཡོད་ལ། དཔལ་འབྱོར་ཐད་ལའང་རྨང་གཞི་ངེས་ཅན་ཞིག་ཡོད་པས། དེར་བརྟེན་ཕྲུ་གུ་སྐྱེ་བའི་ཆ་རྐྱེན་ཡག་ཤོས་འཛོམས་ཡོད།

        (3)མི་འབོར་འཕར་ཚད་ཚོད་འཛིན་བྱེད་པའི་ཐད་ནས་བལྟས་ན། ལོ་20ལ་ཕྲུ་གུ་བཙས་ན། ལོ་100ཡི་ནང་མི་རབས་5ཐོན་རྒྱུ་ཡིན་པ་དང་། ལོ་25ལ་ཕྲུ་གུ་བཙས་ན། ལོ་100ཡི་ནང་མི་རབས་གཅིག་ཉུང་དུ་འགྲོ་སྲིད།

        ཁྱོ་གས་ཕྲུ་གུ་བཙའ་བའི་ཁམས་དཀར་སྲུང་སྐྱོང་ཡག་པོ་ཇི་ལྟར་བྱེད་དགོས་སམ།

         ཕྲུ་གུ་བཙའ་བའི་ཁམས་དཀར་སྐྱེ་འཕེལ་ཕྲ་ཕུང་སྲུང་བའི་དམིགས་ཡུལ་གཉིས་ཡོད་པ་སྟེ། གཅིག་ནི་གྲངས་འབོར་འགན་ལེན་བྱེད་དགོས་པ་དང་། གཉིས་ནི་སྤུས་ཚད་འགན་ལེན་བྱེད་དགོས། སྐྱེས་པའི་ཁམས་ཀྱི་དྭངས་མ་ཧའོ་ཧྲེང་རེའི་ཁམས་ཀྱི་དྭངས་མའི་གྲངས་འབོར་ཁྲི་6000ལས་ཉུང་མི་རུང་བ་དང་། སྐྱེ་འཚར་ལེགས་ཤིང་འགུལ་སྐྱོད་བྱེད་ཐུབ་པའི་ཁམས་དཀར་75%ལས་དམའ་མི་རུང་བ། ཕྱི་ཚུལ་ཡ་མ་གཟུགས་ཀྱི་ཁམས་དཀར་20%ལས་མཐོ་མི་རུང་བ། ཁམས་དཀར་དང་ཁམས་དམར་ལ་འདུས་པའི་རྒྱུད་འཛིན་གྱི་གསང་རྟགས་ཆད་ལྷག་མེད་པ་ཞིག་ཡིན་དགོས། དེ་ལྟར་བྱུང་ཚེ་ད་གཟོད་ཕྲུ་གུ་བདེ་མ་ཐང་མ་ཞིག་སྐྱེ་ཐུབ།

        སྐྱེ་འཕེལ་ཕྲ་ཕུང་གི་ས་བོན་ཐོལ་འགྱུར་གྱི་དངོས་པོ་ཧ་ཅང་མང་བ་སྟེ། ཐ་མག་འཐེན་པ་དང་ཆང་རག་འཐུང་བ། རྫས་འགྱུར་གྱི་དུག་རྫས། འགྱེད་འཕྲོ། སྨན་རྫས་དང་སྐྱེ་དངོས་ཀྱི་རྒྱུ་རྐྱེན(འབུ་ཕྲ་དང་ནད་དུག་སོགས)ཕུད། ད་དུང་འཚོ་བའི་ཁྲོད་དུ་དོ་སྣང་བྱེད་དགོས་པ་ནི།

        (1)སྐྱེས་པའི་སྐྱེ་འཕེལ་ཕྲ་ཕུང་བསིལ་ལ་དགའ་ཞིང་ཚ་ལ་སྐྲག་པས། དྲོད་ཚད་ཡག་ཤོས་ནི་37℃རེད། སྐྱེས་པས་ལུས་བསྡམས་དོར་མ་གྱོན་སྐབས། སྐྱེས་པའི་སྐྱེ་འཕེལ་ཕྲ་ཕུང་གི་དྲོད་ཚད་ཇེ་མཐོར་སོང་ནས་སྐྱེ་འཕེལ་ཕྲ་ཕུང་གི་སྐྱེ་འཚར་ལ་གནོད་སྲིད།

        (2)ཏི་ཚ་དཀོན་པ། ཏི་ཚའི་གཞི་རྒྱུ་མི་འདང་བའི་དུས་སུ་ཁམས་དཀར་གྱི་གྲངས་འབོར་འདང་གི་མེད་ལ་སྤུས་ཚད་ཀྱང་ཡག་པོ་མེད། དེ་ལས་འཁྲིག་སྦྱོར་ནུས་པ་ཇེ་ཞན་དུ་ཕྱིན་ནས་ཕྲུ་གུ་བཙའ་བར་གནོད་སྲིད།