ཚེ་སྲོག་གི་ཡུན་ཇེ་ཐུང་དུ་གཏོང་བའི་བྱ་སྤྱོད་བཅུ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-11   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཚེ་སྲོག་ལ་གནོད་འཚེ་ཡོད་པའི་བྱ་སྤྱོད་ནི་དོན་དངོས་སུ་ཅི་ཞིག་ཡིན་ནམ་ཞེ་ན།ལ་ལས་རྒྱུད་རྒྱུ་ཡིན་པར་བཤད་ལ།ལ་ལས་ཁོར་ཡུག་ཡིན་པར་བཤད་པ་དང་།ཡང་ལ་ལས་འཚོ་བའི་གོམས་སྲོལ་རེད་ཟེར།ཚེ་སྲོག་ལ་གནོད་འཚེ་ཐེབས་པའི་རྒྱུ་རྐྱེན་མང་པོའི་ཁྲོད་རྒྱུད་འདེད་དང་ནད་རིགས་ཀྱིས་ནམ་ཡང་གོ་གནས་དང་པོ་ཟིན་ཡོད།《ཨ་མེ་རི་ཁའི་ཚན་རིག་ཁང་གི་ཚགས་པར》སྟེང་སྤེལ་བའི་ཉེ་སྔོན་གྱི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན།ཞིབ་འཇུག་བྱ་ཡུལ་གྱི་སྤྱི་ཚོགས་བྱ་སྤྱོད57ཁྲོད་དུ་ཚེ་སྲོག་ལ་གནོད་འཚེ་ཐེབས་ཚད་ཆེས་མཐོ་བའི་བྱ་སྤྱོད10ཡོད་པ་སྟེ།

        གཅིག ཐ་མག་འཐེན་པ།

        ཐ་མག་འཐེན་པ་ནི་ཀུན་གྱིས་ཁས་མི་ལེན་ཐབས་མེད་དུ་གྱུར་པའི་ཚེ་སྲོག་ལ་གནོད་འཚེ་ཐེབས་ཚད་ཆེས་མཐོ་བའི་བྱ་སྤྱོད་ཅིག་རེད།པེ་ཅིན་སློབ་ཆེན་སྤྱི་པའི་འཕྲོད་བསྟེན་སློབ་གླིང་སྤྱི་ཚོགས་གསོ་རིག་སློབ་གླིང་དང་བདེ་ཐང་སློབ་གསོ་ཚན་ཁག་གི་དགེ་རྒན་ཆེན་མོ་ཉིའུ་ཝུན་དབྱི་ཡིས་བསྟན་དོན།ཐ་མག་གི་ནང་དུ་བ་ཚྭ་དང་པུན།ཐོན་ཀ་པ།དབྱང་གཅིག་ཐཱན་འགྱུར་སོགས་གནོད་ལྡན་གྱི་རྫས་མང་པོ་འདུས་པས།འབྲས་སྐྲན་དང་དབུགས་ལམ་མ་ལག་གི་ནད།ཁྲག་རྩའི་ནད་སོགས་ཀྱི་ནད་རིགས་མང་པོ་སློང་བ་རེད།

2013ལོར་སྤེལ་བའི《དབྱིན་ཀེ་ལན་གྱི་གསོ་རིག་དུས་དེབ་གསར་པ》ཡི་སྟེང་དུ་བཀོད་པའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན།ཐ་མག་གཏན་ནས་འཐེན་མ་མྱོང་བའི་མི་དང་བསྡུར་ན།ཐ་མག་འཐེན་མཁན་གྱི་ཚེ་སྲོག་ལོ10ཡན་གྱིས་ཐུང་ཞིང་།དེའི་ནང་གི་བུད་མེད་ཀྱི་སྔོན་དཔག་ཚེ་སྲོག་ལོ11གིས་ཐུང་བ་དང་།སྐྱེས་པ་ཡི་སྔོན་དཔག་ཚེ་སྲོག་ལོ12ཀྱིས་ཐུང་བ་རེད།

        གཉིས། གཉེན་འཐོར་བ།

        ཆེས་གསར་པའི་ཞིབ་འཇུག་ཅིག་ལས་མངོན་པ་ལྟར་ན།བཟའ་ཚང་གི་འབྲེལ་བ་བཟང་མིན་དེ་ཚེ་སྲོག་གི་རིང་ཐུང་དང་འབྲེལ་བ་དམ་པོ་ཡོད།དཔེར་ན་གཉེན་འཐོར་བའི་མིའི་ཚེ་སྲོག་དེ་གཉེན་འཐོར་མ་མྱོང་བའི་མི་ལས3.1%གིས་ཐུང་བས།གཉེན་འཐོར་བ་ནི་ཚེ་སྲོག་ཇེ་ཐུང་དུ་གཏོང་བའི་གཤེད་མ་ཨང་གཉིས་པར་གྱུར་ཡོད།《བྱ་སྤྱོད་གསོ་རིག་ལོ་དཔེ》སྟེང་བཀོད་པའི་དབྱིན་ཇིའི་ལོ50ཡན་གྱི་མི་ཚོགས་གཞི་གྲངས་ལ་དབྱེ་ཞིབ་བྱས་པའི་ཞིབ་འཇུག་ཅིག་ལས་ཤེས་པ་ལྟར་ན།གཉེན་འཐོར་བ་དེ་ནི་མ་གཞི་ནས་བདེ་ཐང་གནས་ཚུལ་དང་འབྲེལ་བ་དམ་པོ་ཡོད།

        གསུམ། ཆང་བག་མེད་དུ་འཐུང་བ།

        ཆང་ཉུང་ཙམ་འཐུང་ན་བདེ་ཐང་ལ་ཕན་པའམ་ཡང་ན་གནོད་པའི་ཐད་ནས་ད་རག་བར་དུ་གཅིག་མཐུན་གྱི་བཤད་ཚུལ་ཞིག་བྱུང་མེད།དཔེར་ན་སྔོན་ཆད་ཆང་ཉུང་ངུ་འཐུང་ན་ལུས་པོར་བཟང་བར་བཤད་མོད།འོན་ཀྱང2018ལོར《ལྕང་ལོ་གྲི》དུས་དེབ་སྟེང་བཀོད་པའི་ཞིབ་འཇུག་ལས་མངོན་པ་ལྟར་ན།ཆང་བཅུད་ཀྱིས་བདེ་ཐང་ལ་ཕན་པ་གང་ཡང་མེད་པས།ཆང་བག་མེད་དུ་འཐུང་བ་ནི་ལུས་ཕུང་ལ་གནོད་པ་ཆེན་པོ་ལྡན་པའི་བྱ་སྤྱོད་ཅིག་ཡིན་ལ།གཟའ་འཁོར་རེར་ཆང་ཁེ100ཡི་ཡན་འཐུང་ན་ཚེ་སྲོག་ཇེ་ཐུང་དུ་འགྲོ་བ་རེད།

        བཞི། གློ་བུར་དུ་ནོར་དོན་ཐད་ཀྱི་དཀའ་ཁག་ལ་འཕྲད་པ།

        ཐབས་སྡུག་གི་ནོར་དོན་གནས་ཚུལ(ནོར་དོན་ཐད་ཀྱི་དཀའ་ཁག་ལ་འཕྲད་པ་དང་རྒྱུ་ནོར་གློ་བུར་དུ་ཚད་མཐོན་པོས་ཇེ་ཉུང་དུ་སོང་བ་སོགས་འདུ)གྱིས་ཤི་ཚད2.3%ཇེ་མཐོར་འགྲོ་བཞིན་ཡོད།ཀྲུང་གོ་ཚན་རིག་གླིང་སེམས་ཁམས་ཞིབ་འཇུག་སའོ་ཡི་ཞིབ་འཇུག་པ་ཀྲང་ཁེང་གི་བསམ་པར།དེ་ནི་དཔལ་འབྱོར་དཀའ་ཁག་གི་དབང་གིས་སེམས་ཁམས་ལ་ཐེབས་པའི་གནོན་ཤུགས་དང་འབྲེལ་བ་ཡོད་པར་འདོད་ཀྱིན་ཡོད་མོད། ཡིན་ནའང་གནོན་ཤུགས་དེ་ཡུན་རིང་པོར་མེད་པར་གནས་སྐབས་སུ་མྱོང་བ་ཡིན་ན།ནོར་དོན་གནས་ཚུལ་ཇེ་བཟང་དུ་ཡོང་རྗེས་ཤུགས་རྐྱེན་ངན་པ་དེ་ཡང་རིམ་གྱིས་ཇེ་དམའ་རུ་འགྲོ་བ་རེད།

        ལྔ། ལས་ཀ་ཤོར་བ།

        ལས་ཀ་ཤོར་བ་ཡིས་སེམས་ཁམས་སྟེང་ཐེབས་པའི་གནོད་འཚེ་ནི་སྤྱི་ཚོགས་ཀྱི་གོ་གནས་བརྟན་པོ་མིན་པ་དང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་དཀའ་བས།དེ་ལས་བྱུང་བའི་སེམས་ཚགས་ཀྱིས་ལུས་ཕུང་ལ་གནོད་འཚེ་ཆེན་པོ་ཐེབས་ཀྱིན་ཡོད།ལས་ཀ་ཤོར་རྗེས་ཀྱི་དཔལ་འབྱོར་དཀའ་ཁག་གིས་མི་ཞིག་གི་རྒྱུན་ལྡན་གྱི་འཚོ་བ་དཀྲུགས་པས་ཀྱང་ལུས་ཕུང་ལ་གནོད་འཚེ་ཐེབས་པ་རེད།

        2013ལོའི་ཟླ10པར།འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཡོ་རོབ་གླིང་གཞུང་ལས་ཁང་དང་དབྱིན་ཇིའི་ལོན་ཏོན་སློབ་ཆེན་སློབ་གླིང་སོགས་ལས་ཁུངས་ཀྱིས་མཉམ་དུ་བསྒྲུབ་པའི་རྒྱལ་ཁབ50དང་འབྲེལ་ཞིང་དུས་ཡུན་ལོ་གསུམ་ལྷག་གི་རིང་ལ་བརྟག་དཔྱད་ཟབ་མོ་བྱས་པ་དང་། གཙོ་བོ་ལས་ཞུགས་ཚད་དང་དབུལ་ཕོངས་ཚད་སོགས་དཔལ་འབྱོར་སྤྱི་ཚོགས་གནས་ཚུལ་གྱིས་བདེ་ཐང་ཐད་ཐེབས་པའི་གནོད་འཚེ་ལ་བརྟག་དཔྱད་བྱས་པ་ལྟར་ན།སློབ་གྲྭའི་སློབ་མ་མིན་ལ་ལས་ཀར་ཡང་ཞུགས་མེད་པའི་སྤྱི་ཚོགས་སྟེང་གི་ན་གཞོན་རྣམས་ནི་ཡི་མུག་པའི་ནད་བྱུང་བ་དང་ཐ་ན་རང་སྲོག་གཅོད་པའི་ཉེན་ཁ་ཆེས་མཐོ་བའི་མི་ཚོགས་རེད།

        དྲུག སྔོན་ཆད་ཐ་མག་འཐེན་པའི་ལོ་རྒྱུས་ཡོད་པ།

        ཁ་ན་ཏའི་ཞིབ་འཇུག་མི་སྣས2013ལོར《དབྱིན་ཀེ་ལན་གྱི་གསོ་རིག་དུས་དེབ་གསར་པ》སྟེང་འགོད་པ་ལྟར་ན།ཁོ་ཚོས་ཨ་རིའི་མི་ཁྲི20ལྷག་གི་རྒྱུ་ཆར་དབྱེ་ཞིབ་བྱས་རྗེས་ཤེས་པ་ནི།ཐ་མག་འཐེན་ན་མིའི་ཚེ་སྲོག་ཆ་སྙོམས་ཀྱིས་ལོ10ཇེ་ཐུང་དུ་གཏོང་མོད།འོན་ཀྱང་ལོ35ནས45ཡི་སྐབས་སུ་ཐ་མག་བཅད་ན་ལོ9ཡི་ཚེ་སྲོག་ཕྱིར་འཐེན་བྱེད་ཐུབ་པ་དང་།ལོ45ནས54ཡི་སྐབས་སུ་ཐ་མག་བཅད་ན་ལོ6གི་ཚེ་སྲོག་ཕྱིར་འཐེན་བྱེད་ཐུབ་ལ།ལོ55ནས64ཡི་སྐབས་སུ་ཐ་མག་བཅད་ན་ལོ4ཡི་ཚེ་སྲོག་ཕྱིར་འཐེན་བྱེད་ཐུབ་པ་རེད།

        ཞིབ་འཇུག་དེའི་འགན་འཁྲི་པ་ཕུ་ལ་པ་ཐུ.ཅཱ་ཨ་ཡིས་བཤད་རྒྱུར།སྔ་མོ་ནས་ཐ་མག་བཅད་ན་ཐ་མག་འཐེན་མཁན་གྱི་སྔོན་དཔག་ཚེ་སྲོག་ཐ་མག་གཏན་ནས་མི་འཐེན་པའི་མི་དང་ཉེ་བར་བཅར་ཐུབ་མོད།འོན་ཀྱང་ཐ་མག་འཐེན་མཁན་གྱི་ཚེ་སྲོག་སྔར་བཞིན་ཐ་མག་གཏན་ནས་མི་འཐེན་པ་ལས་ཐུང་བ་རེད།

        བདུན། འཚོ་བར་ཡིད་མི་ཚིམ་པ།

        ཨ་རིའི་ཁྲ་ཕུའུ་མན་སློབ་ཆེན་གྱིས2015ལོར་སྤེལ་བའི་དཔྱད་རྩོམ་ཅིག་ལས་མངོན་པ་ལྟར་ན།ལོ50ཡན་གྱི་མི་དར་མ་རྣམས་ལ་མཚོན་ན་འཚོ་བར་ཡིད་ཚིམ་ཚད་ཇི་ལྟར་མཐོ་ན་ཚེ་སྲོག་དེ་ལྟར་རིང་བ་རེད།འཚོ་བར་ཡིད་མི་ཚིམ་པའི་མི་ལ་གལ་ཏེ་གཉེན་འཐོར་བ་དང་ལས་ཀ་ཤོར་བ་སོགས་ཀྱི་དོན་དག་གཞན་པ་བྱུང་རྗེས།འཚོ་བར་རེ་ཐག་ཆད་དེ་ཤི་ཚད་ཇེ་མཐོར་འགྲོ་བ་རེད།

        བརྒྱད། གཉེན་མི་བསྒྲིག་པ།

        2019ལོར།《ཨ་རིའི་རིམས་ནད་རིག་པའི་དུས་དེབ》སྟེང་བཀོད་པའི་འབྲེལ་ཡོད་ཞིབ་འཇུག90ལ་དམིགས་པའི་སྣ་འདུས་དབྱེ་ཞིབ་ཅིག་གི་མཇུག་འབྲས་ལྟར་ན།གཉེན་སྒྲིག་བྱས་མ་མྱོང་བའི་བུད་མེད་དེ་གཉེན་བསྒྲིགས་ཟིན་པའི་བུད་མེད་ལས་ལོ7ནས་ལོ15ཡིས་ཚེ་སྲོག་ཐུང་བ་དང་།གཉེན་བསྒྲིགས་མ་མྱོང་བའི་སྐྱེས་པའི་ཚེ་སྲོག་དེ་གཉེན་བསྒྲིགས་ཟིན་པའི་སྐྱེས་པ་ལས་ལོ8ནས་ལོ17གྱིས་ཐུང་བ་རེད།

ཞིབ་འཇུག་དེ་ལ་འགན་འཁུར་མཁན་གྱི་དགེ་རྒན་ཆེན་མོ་ཏ་ཝེ.ལོར་སི་ཡིས་འགྲེལ་བཤད་བྱས་པ་ལྟར་ན།མི་རྐྱང་ཚོའི་ཚེ་སྲོག་དེ་བཟའ་ཟླ་ཡོད་པའི་མི་ལས་ཐུང་བའི་རྒྱུ་རྐྱེན་ནི་མཐའ་འཁོར་ཁྱིམ་ཚང་དང་སྤྱི་ཚོགས་ཀྱི་རྒྱབ་སྐྱོར་ཐོབ་དཀའ་བ་དང་།ཉེ་འགྲམ་དུ་ལྟ་སྐུལ་དང་ཕན་ཚུན་ལ་ལྟ་སྐྱོང་བྱེད་མཁན་མེད་པའི་རྐྱེན་གྱིས་རེད།

        དགུ། བཟའ་བཏུང་ལུགས་མཐུན་མིན་པ།

        བཟའ་བཏུང་དང་ཚེ་སྲོག་གཉིས་ལ་འབྲེལ་བ་དམ་པོ་ཡོད།དཔེར་ན་ཆོས་ཉིད་ལྡན་པའི་སྒོ་ནས་བཟའ་བཏུང་སྤྱོད་པར་ཁག་ཐེག་བྱེད་མ་ཐུབ་ན།མིའི་ལུས་སྟེང་དུ་འཚོ་བཅུད་ཀྱིས་མི་འདང་བའི་དབང་གིས་ལུས་པོ་བདེ་ཐང་ཡོང་དཀའ་བ་རེད།

ཉིའུ་ཝུན་དབྱི་ཡིས་བཤད་རྒྱུར།ལུགས་མཐུན་གྱི་བཟའ་བཏུང་སྤྱོད་སྟངས་ནི་ཐོག་མར་སྐྱེ་དངོས་རང་བཞིན་གྱི་ཟས་རིགས་གཙོ་བོ་ཡིན་པ་དང་།སྲོག་ཆགས་རང་བཞིན་གྱི་ཟས་རིགས་སྡེབ་སྦྱོར་ལུགས་མཐུན་བྱས་ཏེ།སྤྲི་དཀར་དང་དྲོད་ཚད་ཀྱིས་འདང་བའི་གནས་ཚུལ་འོག ཚྭ་དང་ཚི་སྣ་ཉུང་བར་བྱེད་དགོས།

        བཅུ། སེམས་མི་སྐྱིད་པ།

        རྒྱུན་དུ་སེམས་མི་སྐྱིད་པའི་མིས་དུས་རྒྱུན་དུ་འཚོ་བའི་ཁྲོད་ཀྱི་དོན་དག་མི་ལེགས་པ་མཐོང་བ་དང་ཚོར་བ་མང་བའི་རྐྱེན་གྱིས་རེད།ཨ་རིའི་སྨྱོ་ནད་རིག་པའི་ཆེད་མཁས་པ་ཞིག་གིས་དུས་ཡུན་ལོ25ཡི་རིང་ལ“མི་གཤིས་དང་སྙིང་ནད་བར་གྱི་འབྲེལ་བ”ལ་རྗེས་འདེད་བརྟག་དཔྱད་བྱས་རྗེས་ཤེས་པ་ལྟར་ན།ཁོག་རྒྱ་དོག་ཅིང་མཚན་སྙན་གྲགས་ལ་དགའ་བ།དགྲར་འཛིན་གྱི་སེམས་ཁམས་ལྡན་པའི་མི་ལ་སྙིང་ནད་འབྱུང་བའི་ཚད་ཁོག་རྒྱ་ཡངས་ཤིང་གཞན་ལ་རོགས་རམ་བྱེད་རྒྱུར་དགའ་བ།མི་གཤིས་བཟང་བའི་མི་ལས་ལྡབ5ཡིས་མཐོ་བ་རེད།

        ཀྲང་ཁེང་གིས་དྲན་སྐུལ་བྱས་པ་སྟེ།སེམས་ཁམས་སྙོམ་སྒྲིག་ལེགས་པོ་བྱས་ན་ད་གཟོད་ལུས་སྟེང་གི་དབང་བོ་སོ་སོ་ཕན་ཚུན་མཐུན་སྒྲིག་ཡོང་བས་ལུས་ཕུང་བདེ་ཐང་ཡོང་བར་ཕན།གོང་གི་བྱ་སྤྱོད་འདི་དག་ནི་ང་ཚོ་མི་སུ་དང་སུ་ཞིག་ལའང་ལྡན་ངེས་པས།བདེ་ཐང་ལ་གནོད་པའི་བྱ་སྤྱོད་འདི་དག་ཇེ་ཉུང་དུ་གཏོང་ཅི་ཐུབ་བྱེད་དགོས་པ་སྟེ།ཐ་མག་གཅོད་པ་དང་ཆང་ཉུང་ཉུང་འཐུང་ནས་བཟའ་བཏུང་ལུགས་མཐུན་དུ་སྤྱོད་པའི་གོམས་སྲོལ་ཆགས་སུ་འཇུག་དགོས། །