དགེ་རྒན་དུས་ཆེན་ལ་རྟེན་འབྲེལ་ཞུ། །

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-10   རྩོམ་ཁུངས།    མཚོ་སྔོན་བོད་ཡིག་ཚགས་པར།

        རང་རྒྱལ་གྱི་ལོ་རྒྱུས་སྟེང་བྱུང་བའི་ཆེས་སྔ་བའི་དགེ་རྒན་གྱི་དུས་ཆེན་ནི་སྤྱི་ལོ 1931 ལོར་ཡིན་ལ། སྐབས་དེར་སློབ་གསོ་རིག་པ་བ་ཐའེ་ཧྲོང་ཆིའུ་དང་ཁྲིན་ཆི་པའོ་སོགས་ནན་ཅིང་ཀྲུང་དབྱང་སློབ་ཆེན་དུ་འདུས་ནས“དགེ་རྒན་གྱི་གླ་ཕོགས་ལེགས་བསྒྱུར་དང་དགེ་རྒན་གྱི་བྱ་བ་ཁག་ཐེག དགེ་རྒན་གསོ་སྐྱོང་བྱེད་པར་ཤུགས་སྣོན”བཅས་བྱེད་དགོས་པའི་བསྒྲགས་གཏམ་སྤེལ་བར་མ་ཟད། ཟླ 6པའི་ཚེས 6ཉིན་ལ་དགེ་རྒན་གྱི་དུས་ཆེན་ཉིན་མོར་གཏན་འཁེལ་བྱེད་པའི་གྲོས་གཞི་བཏོན། དེ་ནས་ཅུང་མ་འགོར་བར་རྒྱལ་དམངས་ཏང་སྲིད་གཞུང་གིས་ཟླ 6པའི་ཚེས 6ཉིན་ལ་དགེ་རྒན་དུས་ཆེན་དུ་གཏན་ཁེལ་བྱེད་པར་འཐད་པ་བྱུང་། དེའི་རྗེས་དགེ་རྒན་གྱི་དུས་ཆེན་ཉིན་མོ་དེ་ཁུང་ཙི་ཡི་འཁྲུངས་སྐར་ཉིན་མོ་སྟེ་ཟླ 8པའི་ཚེས 27ཉིན་ལ་བསྒྱུར་བཅོས་བྱས་པར་མ་ཟད། 《དགེ་རྒན་དུས་ཆེན་ལ་རྗེས་དྲན་བྱེད་པར་གནས་སྐབས་སུ་སྤྱོད་པའི་བྱེད་ཐབས 》 ཁྱབ་སྤེལ་བྱས། ཡིན་ནའང་སྐབས་དེར་རྒྱལ་ཡོངས་ཀྱི་ས་གནས་སོ་སོར་ཁྱབ་སྤེལ་བྱེད་མ་ཐུབ།

       ཀྲུང་གོ་གསར་པ་དབུ་བརྙེས་རྗེས་ཀྲུང་དབྱང་མི་དམངས་སྲིད་གཞུང་གིས་དེ་སྔོན་གྱི་ཟླ 6པའི་ཚེས 6ཉིན་དགེ་རྒན་དུས་ཆེན་གྱི་ཉིན་མོ་ཡིན་པ་དེ་ཡང་བསྐྱར་སླར་གསོ་བྱས་ཤིང་། སློབ་གསོ་པུའུ་ཡིས་ས་གནས་སོ་སོའི་སློབ་གསོའི་བྱ་བ་སྒྲུབ་མཁན་རྣམས་ལ་བརྡ་ཁྱབ་སྤེལ་ཏེ། དངོས་ཡོད་གནས་ཚུལ་གཞིར་བཟུང་ནས་རང་འགུལ་སྒོས་དུས་ཆེན་གྱི་ཉིན་མོ་ལ་རྟེན་འབྲེལ་ཞུ་བའི་བྱ་འགུལ་སྣ་ཚོགས་སྤེལ་ཆོག་པར་བཟོས།

      1951ལོར་རྒྱལ་ཡོངས་སློབ་གསོའི་བཟོ་ཚོགས་བཙུགས་པ་ནས་བཟུང་སློབ་གསོའི་བྱ་བ་སྒྲུབ་མཁན་ནི་བཟོ་བ་གྲལ་རིམ་གྱི་གྲུབ་ཆ་ཡིན་པར་ངོས་འཛིན་ཁས་ལེན་བྱས། 1951ལོའི་ཟླ 4པའི་ཚེས 19ཉིན། སློབ་གསོ་པུའུ་ཡི་པུའུ་ཀྲང་དང་ཀྲུང་གོ་སློབ་གསོ་བཟོ་ཚོགས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཡིས་ཡིག་ངོས་ཀྱི་གཏམ་དཔྱད་སྤེལ་ཏེ། དགེ་རྒན་གྱི་དུས་ཆེན་ཉིན་མོ་དེ “ལྔ་གཅིག་རྒྱལ་སྤྱིའི་ངལ་རྩོལ་དུས་ཆེན ”དང་མཉམ་རོལ་བྱེད་པར་ཁྱབ་བསྒྲགས་བྱས།

      1984ལོའི་ཟླ 12པའི་ཚེས 9ཉིན། པེ་ཅིན་དགེ་ཐོན་སློབ་ཆེན་གྱི་ཀྲུང་ཅུན་ཝུན་དང་ཆི་ཀོང་། བང་ཞིན་ཧྲིན། ཀྲུའུ་ཀྲི་ཞན། ཧོང་ཆི་བཅས་ཀྱི་མིང་བཀོད་ཞུ་ཡིག་ཕུལ་ཏེ་དགེ་རྒན་དུས་ཆེན་ཉིན་མོ་ཞིག་ལོགས་སུ་འཛུགས་དགོས་པར་གྲོས་གཞི་བཏོན།

    1985ལོའི་ཟླ 1པའི་ཚེས 21ཉིན། རྒྱལ་ཡོངས་སྐབས་དྲུག་པའི་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཐེངས་དགུ་བའི་གྲོས་ཚོགས་སྟེང“རྒན་བཀུར་སློབ་གཙིགས ”ཀྱི་སྲོལ་བཟང་དར་སྤེལ་དང་དགེ་རྒན་གྱི་སྤྱི་ཚོགས་གནས་བབ་མཐོར་འདེགས་སུ་གཏོང་ཆེད། ལོ་རེའི་ཟླ 9པའི་ཚེས 10ཉིན་ལ་དགེ་རྒན་གྱི་དུས་ཆེན་ཉིན་མོ་རུ་གྲོས་ཐག་བཅད། ཐེངས་དང་པོའི་དགེ་རྒན་དུས་ཆེན་ལ་སྐབས་དེའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ལི་ཞན་ཉན་གྱིས་རྒྱལ་ཡོངས་ཀྱི་དགེ་རྒན་རྣམས་ལ་འཚམས་འདྲི་བྱས་པར་མ་ཟད། དུས་ཆེན་གྱི་ཉིན་མོར་རྟེན་འབྲེལ་ཞུས་པ་དང་། རྒྱལ་ས་ནས་ཞིང་ཆེན་དང་གྲོང་ཁྱེར 20ནས་ཡོང་བའི་ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན་མི་སྒེར་དང་ཐུན་མོང 11871ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་བསྡུས།

   དགེ་རྒན་ལ་སྒེར་ཚུགས་ཀྱི་དུས་ཆེན་ཉིན་མོ་ཞིག་གཏན་ཁེལ་བྱས་དེ་རང་རྒྱལ་གྱི་སྤྱི་ཚོགས་ཡོངས་ནས་དགེ་རྒན་ལ་བརྩི་བཀུར་ཚད་མཐོན་པོ་བྱས་པ་མཚོན་ཞིང་། དགེ་རྒན་གྱི་བྱ་བ་དེས་ཚད་ངེས་ཅན་ཞིག་གི་སྟེང་ནས་རང་རྒྱལ་གྱི་མ་འོངས་པ་ཐག་གཅོད་པ་དང་། དགེ་རྒན་གྱི་བྱ་བ་དེ་ཁྱིམ་ཚང་དང་བྱིས་པ། ན་གཞོན་བཅས་ཚང་མ་དང་འབྲེལ་པ་དམ་ཟབ་ཡོད་པས་མིའི་རིགས་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་ནུས་པ་བླ་ལྷག་ཐོན་པ་རེད། དེ་ནས་བཟུང་ལོ་རེའི་དགེ་རྒན་གྱི་དུས་ཆེན་ཉིན་མོར་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་དགེ་རྒན་རྣམས་ཀྱིས་བྱེད་ཐབས་མི་འདྲ་བའི་སྒོ་ནས་རང་ཉིད་ཀྱི་དུས་ཆེན་ལ་རྟེན་འབྲེལ་ཞུ་བཞིན་ཡོད་ལ། ཕྱོགས་གཞན་ཞིག་ནས་དཔྱད་འདེམ་དང་གཟེངས་བསྟོད། ཉམས་མྱོང་བརྗེ་རེས་བཅས་རྒྱུད་ནས་དགེ་རྒན་གྱི་ཟླ་ཕོགས་དང་སྡོད་ཁང་། སྨན་རིན་སོགས་ཀྱི་དཀའ་ཁག་མང་པོ་ཐག་གཅོད་དང་སློབ་སྒྲུབ་ཆ་རྐྱེན་ལེགས་བཅོས་བཅས་བྱས་ནས་རྒྱ་ཆེ་བའི་དགེ་རྒན་རྣམས་ལ་སློབ་གསོའི་ལས་དོན་ཐད་སྔར་ལས་མཐོར་འདེགས་སུ་གཏོང་བཞིན་ཡོད་པ་རེད།