སྟོན་དུས་ཀྱི་སེམས་ཀྱི་ཉི་ཟླའི་མཛེས་ལྗོངས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-09-09   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སྟོན་ཟླ་9བ་ཚེས་པ་དང་བསྟུན་ནས་བདེ་ཆེན་མཐོ་སྒང་དུ་བསིལ་འཇམ་གྱི་སྟོན་རླུང་ཞིག་དང་མཉམ་དུ་ཚོན་མདོག་རྣམ་པར་བཀྲ་བའི་སྟོན་ཀ་བསུས་ཡོང་ལ། ཡུལ་འདིའི་རི་ལུང་ཀུན་གྱིས་གསེར་མདོག་གི་སྟོན་གོས་ལྭ་ལྗིད་པོ་དེ་བཀླུབས་པའི་འགོ་བརྩམས་པ་རེད། དུས་ཚིགས་འདི་ཡང་བདེ་ཆེན་གྱི་ཆེས་མཛེས་སྡུག་ལྡན་པའི་དུས་ཚིགས་ཤིག་ཡིན་ལ། ལྷག་པར་དུ་སེམས་ཀྱི་ཉི་ཟླའི་སྟོན་ཀ་ནི་བདེ་ཆེན་གྱི་སྟོན་ཀའི་ཆེས་མིག་ལ་ཐོགས་ཡོང་བའི་ཚོན་ལྡན་གྱི་མཛེས་རིས་དེ་ཡིན་པ་རེད། 

        ཞིང་ལ་ལོ་ལེགས་བྱུང་། ཕྱུགས་ལ་ཤ་ཤེད་རྒྱས། ཉེ་སྔོན་གསར་འགོད་པ་གཟིག་རི་རྩྭ་ཐང་དུ་འབྱོར་བ་ན་མཐའ་འཁོར་དུ་ཞིང་བ་རྣམས་ཀྱིས་སྟོན་བསྡུའི་ལས་ལ་བྲེལ་བཞིན་ཡོད་པ་མཐོང་ལ། སྙེ་མའི་རླབས་རིས་འཕྱོ་བའི་ནས་ཞིང་གི་བར་ན་ལས་ལ་བརྩོན་པའི་ཞིང་བ་སྐོར་རེས་གདོང་ལ་འཛུམ་གྱིས་ཁེངས་ནས་དགོད་ཞོར་ལས་ཞོར་གྱི་སྟོན་བསྡུའི་ལས་ལ་བྲེལ་བཞིན་ཡོད་ལ། ཡང་སྐོར་རེས་རྩྭ་རའི་ནང་དུ་རྩྭ་འབྲེག་བཞིན་ཡོད་དེ་དགུན་ཁར་སྒོ་ཕྱུགས་ལ་སྟེར་བའི་གཟན་རྩྭ་གྲ་སྒྲིག་བྱེད་བཞིན་ཡོད།  

        མེ་ཏོག་རྣམ་པར་བཀྲ་བའི་གཟིག་རི་རྩྭ་ཐང་དུ་རྟ་ནོར་ལུག་གསུམ་ཁྱུ་དང་ཁྱུ་བྱས་ནས་གང་བདེར་རྒྱུ་བཞིན་ཡོད་ལ། མཚོ་རླུང་འཇམ་པོའི་ཁྲོད་ན་རྩྭ་ཐང་ནི་སྔར་ལས་ཚོན་མདོག་བཀྲ་ཞིང་མཛེས་སྡུག་ལྡན། འདི་ནི་བདེ་ཆེན་གྱི་སྟོན་ཀའི་ཟུར་ཞིག་ཡིན་ལ། འདི་ནི་སེམས་ཀྱི་ཉི་ཟླའི་སྟོན་ཀའི་སྣང་བ་ཐེངས་ཤིག་ཡིན།