དེང་རབས་བོད་སྐད་ཤན་སྦྱར་མིང་མཛོད་ཕབ་ལེན་ཐུབ་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-31   རྩོམ་ཁུངས།    དཔལ་ཆེན་འཕྲིན་སྟེགས།

     སྤྱིར་མིང་མཛོད་ནི་རིག་པའི་གནས་ལ་ལེགས་པར་འཇུག་པའམ་སློབ་གཉེར་དང་ལས་དོན་སྣ་ཚོགས་བསྒྲུབ་པ་ལ་ཉེ་བར་མཁོ་ཞིང་མེད་དུ་མི་རུང་བའི་མཐུན་རྐྱེན་གལ་ཆེན་ཞིག་ཡིན་ལ། མིང་མཛོད་རང་ངོས་ནས་ཀྱང་དེང་དུས་རིག་གནས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་འགྱུར་བཞིན་ཡོད། ཁྱད་པར་རང་རེ་ལ་ཐ་སྙད་གསར་འགྱུར་གྱི་མིང་མཛོད་དག་འཕྲལ་མཁོ་ཆེ་སྟེ། ད་ལྟ་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་དང་མི་རིགས་སོ་སོའི་རིག་གནས་སྣ་ཚོགས་མཉམ་འདྲེས་དང་ཕྱོགས་འདྲེས་ངང་འཕེལ་རྒྱས་སུ་འགྲོ་བཞིན་པ་དང་། གསར་དར་རིག་གནས་སྣ་ཚོགས་སྐྱེ་འཚར་མྱུར་ལ་སྟོབས་ཆེ་བའི་དུས་སུ་ཁེལ་བས། ང་ཚོས་དེ་དག་སྡུད་ལེན་མི་བྱེད་ཐབས་མེད་ལྟ་བུར་གྱུར་ཡོད་ལ། རིག་པའི་གནས་དེ་དག་ལ་འཇུག་པའི་སྒོར་གྱུར་པ་མེད་དུ་མི་རུང་བ་ཞིག་ནི་དེ་དག་དང་འབྲེལ་བའི་ཐ་སྙད་སྣ་ཚོགས་ཀྱི་སྐོར་གང་ཞིག་ཡིན་ཏེ། རིག་གནས་གང་ཡིན་པ་དེའི་མིང་བརྡ་ཐ་སྙད་ཙམ་ཡང་མེད་བཞིན་དུ་དེ་ལ་འཇུག་པ་ནི་ཤིན་ཏུ་དཀའ་བའི་ལས་སུ་སྣང་ངོ་། །དེ་ཕྱིར་ད་ལན་རྒྱ་བོད་དབྱིན་གསུམ་གསར་བྱུང་རྒྱུན་བཀོལ་མིང་མཛོད་བྱ་བ་འདི་ཉིད་མིག་གི་དགའ་སྟོན་དུ་བསྟར་བྱུང་བས་བདག་ཅག་ལ་འདིའི་ཕྱོགས་ཀྱི་དབུགས་དབྱུང་གསར་བ་ལེགས་པར་བྱིན་པ་སྟེ། སྤྱིར་མིང་མཛོད་འདི་ཉིད་རང་ཅག་གི་འཕྲལ་གྱི་དགོས་མཁོ་སྐོང་ཞིང་ཕན་པ་ཡུན་རིང་འབྱུང་བར་བྱེད་པ་དང་རིང་ནས་རེ་སྒུག་བྱས་པའི་འབྲས་བུ་ལྟ་བུར་གྱུར་འདུག་པ་སྨྲ་མ་དགོས་ཤིང་། བྱེ་བྲག་ཏུ་མིང་མཛོད་འདིར་ངོ་མཚར་དང་ཁྱད་ཆོས་སུ་རུང་བའི་ཡོན་ཏན་ཀྱང་མང་དུ་མཐོང་སྟེ། དེ་ཡང་ཐོག་མར་དེང་གི་དུས་འདིར་རང་རེ་ལ་ཉེ་བར་མཁོ་བའི་ཐ་སྙད་གཙོ་བོར་བྱས་ནས་གདམ་གསེས་འཚོལ་སྡུད་བྱས་ཏེ་ལེགས་པར་བཀོད་པས་མིང་མཛོད་ཧྲིལ་པོ་འཕྲལ་མཁོ་ཆེ་ཞིང་རྒྱས་བསྡུས་འཚམ་པ། རྒྱ་བོད་དབྱིན་གསུམ་ཤན་སྦྱར་དུ་བྱས་པས་སྐད་ཡིག་ཐ་དད་སྨྲ་བ་མང་པོར་ཉེ་བར་མཁོ་ཞིང་ཕན་པ་རྒྱ་ཆེ་བ། མདོ་དབུས་ཁམས་གསུམ་གྱི་ཆེད་མཁས་པ་དུ་མ་གདན་གཅིག་ཏུ་འཛོམས་ཏེ་ཐུགས་བསྡུར་ཡང་ཡང་མཛད་ནས་ཐ་སྙད་རེ་རེ་བཞིན་བསྒྱུར་ཅིང་གཏན་ལ་ཕབ་པས་བརྡར་ཤ་ཆོད་ཅིང་ཡུལ་སྐད་ཉི་ཚེ་བའི་ཕྱོགས་སུ་མ་ལྷུང་བར་བོད་སྤྱི་སྐད་ལ་གཞོལ་སྟོབས་ཆེ་བ།ཐ་སྙད་གསར་བ་དེ་དག་གི་མཚོན་དོན་འདྲ་མཚུངས་སམ་ཕྱོགས་མཚུངས་ཙམ་དུ་སྟོན་ནུས་པའི་མིང་དེ་སྔོན་རང་རེ་ལ་གཞི་ནས་ཡོད་པ་དག་ཆུད་ཟོས་སུ་འགྲོ་བར་ཕངས་ཏེ་གངས་ཅན་གཙུག་ལག་ལ་གྲགས་པའི་བརྡ་ཆད་སྣ་ཚོགས་ལས་ལེགས་པར་བཏུས་ཏེ་བཀོལ་བས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་ལེགས་པོ་བྱུང་བ། ཕལ་མོ་ཆེ་ཞིག་གསར་དུ་བསྐྲུན་དགོས་པ་སྨོས་མ་དགོས་ནའང་དེ་དག་གངས་ལྗོངས་ཐུན་མོང་གི་སྐད་ཀྱི་ཆོས་ཉིད་དང་བརྡ་སྤྲོད་སྤྱི་འགྲོས་ལས་མི་འདའ་བར་མཛད་པས་མང་ཤས་ཀྱིས་གོ་བདེ་ཞིང་དང་དུ་ལེན་སླ་བ། མིང་བརྡ་ཙམ་ཐད་ཀར་བསྒྱུར་བ་ཁོ་ནས་བརྡ་ཆད་མང་པོ་ཞིག་གི་གོ་དོན་ཡོངས་སུ་ངེས་དཀའ་བ་སོགས་ལ་དམིགས་ཏེ་ཐ་སྙད་དེ་དག་ལ་འགྲེལ་བ་ཐོག་མར་མཛད་པས་ཕྱི་གླིང་པ་དང་རྒྱའི་སྐད་དུ་གོམས་འདྲིས་ཡོད་མེད་ལ་མ་ལྟོས་པར་བོད་ཡིག་ཁོ་ནའི་ངོས་ནས་མིང་དོན་དཔྱིས་ཕྱིན་པར་ཁོང་དུ་ཆུད་རུང་བ། མིང་འགྲེལ་ལའང་སླ་ཐབས་དང་གཡོལ་ཅི་ནུས་སུ་མཛད་ཅིང་། ཚིག་འགྲོས་ཀྱང་བོད་ཀྱི་གཙུག་ལག་སྤྱི་སྐད་དང་ཉེ་བའི་ཐབས་ལ་བརྩོན་པ་ཡང་ཡང་བསྟེན་པས་གོ་སླ་ཞིང་འགྲོས་བདེ་ལ་རྒྱས་བསྡུས་འཚམས་པ་སོགས་མདོར་ན་ཡོན་ཏན་དུ་མས་ཀུན་ནས་ཕྱུག་པས། འདི་ཡིས་དེང་ཕྱིན་སྒོ་དུ་མ་ནས་བོད་ཀྱི་རིག་གནས་ལ་ཕན་པ་རྒྱ་ཆེ་ཞིང་ཡུན་བརྟན་པ་གཞན་གྱིས་ཚབ་བྱེད་དུ་མི་ནུས་པ་ཞིག་ཐོན་ངེས་པ་གདོན་མི་ཟ་ཞིང་། དེ་ལྟར་འོང་བའི་མཐུན་འགྱུར་གྱི་སྨོན་ལམ་ཡང་སྙིང་ནས་ཞུ་བ་ལགས།དེ་བཞིན་མིང་མཛོད་འདི་ཉིད་རང་རེའི་བསོད་ནམས་ཀྱི་སྐྱེས་སུ་ལེགས་པར་བསྐྲུན་པ་འདིའང་ད་ལྟ་གངས་རིའི་ལྗོངས་ན་མཁས་བཙུན་བཟང་པོའི་ཡོན་ཏན་གྱིས་མངོན་པར་མཐོ་ཞིང་གཞན་ཕན་རྣམ་དཀར་གྱི་ཕྲིན་ལས་མཚུངས་པ་མེད་པ་མཁན་ཚུལ་ཁྲིམས་བློ་གྲོས་མཆོག་གི་བསྟན་འགྲོར་སྨན་པའི་ཐུགས་བསྐྱེད་ཟབ་མོ་དུས་སུ་སྨིན་པས་གཞི་བསླངས་པ་དང་། གཞན་ཡང་གངས་ལྗོངས་རིག་གནས་གྱི་མདུན་ལྗོངས་ལ་གཟིགས་པ་ཡངས་ཤིང་ལྷག་བསམ་དགེ་བའི་དཔྱོད་ལྡན་མཁྱེན་ཡངས་དུ་མས་དུས་ཡུན་རིང་པོར་དཀའ་བ་མང་དུ་སྤྱད་པའི་འབྲས་བུ་འབའ་ཞིག་ལགས་པས་ཤིན་ཏུ་ཡི་རང་དང་ལེགས་སོ་བརྗོད་པའི་འོས་སུ་ཆེ་ལ། ངེད་ཀྱིས་ཀྱང་འདིར་ཆེད་དུ་མཁན་ཚུལ་ཁྲིམས་བློ་གྲོས་ལགས་དང་རྩོམ་སྒྲིག་ཚན་ཁག་གི་ཁོངས་མི་རྣམ་པར་བཀའ་དྲིན་ཆེ་ཞེས་ཞེ་ཐག་པ་ནས་ཞུ་ཞིང་། སླད་ཀྱང་འདི་དང་འདི་ལྟ་བུའི་གངས་ལྗོངས་རིག་གནས་ལ་གཅིག་ཏུ་ཕན་པའི་གཞན་ཕན་གྱི་མཛད་པ་གང་བརྩམས་གེགས་མེད་ལེགས་པར་འགྲུབ་པའི་སྨོན་འདུན་སྙིང་ནས་ཞུ་བ་ལགས།
ཞེས་པའང་ཐུབ་བསྟན་ཉི་མ་ནས་བོད་རབ་རྒྱན་ས་བྱི་ལོའི་ཟླ ༡༡ ཚེས ༡༥ དགེ་བར་སྦྱར།