བོད་ལུགས་གསོ་རིག་ལས་རྨི་ལམ་སྐོར་གླེང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-28   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        རྨི་ལམ་ནི་གཉིད་ཀྱི་ལམ་དུ་རྨིས་པ་ཞིག་ཡིན་པས་སྐྱེ་བོ་ཀུན་གྱི་ཐ་སྙད་དེར་རྒྱུས་མངའ་ཤེན་ཏུ་ཆེ་ཡང་དོན་དུ་ཇི་ལྟར་རྨིས་ཚུལ་དང་རྨིས་པའི་རྒྱུ་རྐྱེན་རྟོགས་སླ་བ་ཞིག་མིན་ལ་དེའི་ཐད་སྔ་མོ་ནས་ཞིབ་འཇུག་བྱེད་མཁན་མི་ཉུང་བ་ཞིག་བྱུང་ཡོད་དེ། དཔེར་ན། ཨའོ་ཏི་ལིའི་སེམས་ཁམས་རིག་པ་མཁས་ཅན་ཧྥུ་ལའི་དབྱི་ཏཱ་ནི་འཛམ་གླིང་ཐོག་རྨི་ལམ་ལ་ཞིབ་འཇུག་གནང་མཁན་མཆོག་གྱུར་ཞིག་ཡིན།  དེ་མིན་སྐུ་ཞབས་རུང་རྒ་དང་།  ཧྥུ་ལའོ་མུའུ། འཇར་པན་གྱི་སུང་པན་གྲུན་ཀྲེ་དང་དེ་བཞིན་རང་རྒྱལ་གྱི་ལོ་རྒྱུས་ཐོག་ལའང་རྨིང་ལམ་ལ་བརྟག་དཔྱད་བྱེད་མཁན་མཁས་པ་མི་ཉུང་བ་ཞིག་བྱུང་ཡོད། དེས་ན་རང་རེ་བོད་ཀྱི་རིག་གཞུང་ལས་རྨི་ལམ་བརྟག་ཐབས་ལ་གསོ་རིག་དང་ཆོས་ལུགས། དམངས་ཁྲོད་སྲོལ་རྒྱུན་བཅས་ཀྱི་ཐོག་ནས་བརྟག་པ་དང་ཞིབ་འཇུག་བྱེད་པའི་རྒྱུན་ཡོད་པས་ཚུལ་འདིར་ཞིབ་འཇུག་གནང་མཁན་ཚོས་རང་རང་གི་ལྷག་གྲུབ་དང་ལག་ལེན་ཐོག་ནས་རྨི་ལམ་ནི་རྙིག་འཛིང་ཆེ་བའི་སེམས་ཁམས་ཀྱི་འགུལ་སྐྱོན་ཅིག་དང་། ཡང་ན་གོམས་སྲོལ་གྱི་ཤེས་རིག་དང་སེམས་ཁམས་འབྲེལ་འདྲིས་དབང་གིས་མ་འོངས་དང་བྱ་ལས་བརྟག་ཐུབ་པའི་མངོན་རྟགས་སུ་ཡང་ངོས་འཛིན་བྱེད་ཀྱི་ཡོད།

        དང་པོ་རྨི་ལམ་གྱི་ངོ་བོ་བསྟན་པ།

        བོད་རིགས་ཀྱི་སྔོན་བྱོན་མཁས་དབང་མང་པོས་རྨི་ལམ་ནི་གཉིད་ལོག་རྗེས་ཀུན་གཞིའི་རྣམ་པར་ཤེས་པ་དེ་ཡུལ་གཟུགས་སྒྲ་དྲི་རོ་རེག་བྱ་བཅས་ལྔའི་ལམ་དུ་མི་འཇུག་ཅིང་བྱིང་རྨུག་ཀྱིས་ནོན་ཏེ་ཀླད་པའི་ལམ་དུ་ཤར་བའི་སྣང་ཆའི་མིང་ཞིག་སྟེ། ཀརྨ་པ་རང་བྱུང་རྡོ་རྗེས་མཛད་པའི་ཟབ་མོ་ནང་དོནལས་གཉིད་དུས་ཀུན་གཞི་གཙོ་བོ་སྟེ། སྙིང་ག་ཆོས་ཀྱིའཁོར་ལོར་གནས།  ཚོགས་དྲུག་མི་གསལ་གཅིག་ཏུ་བསྡུས། ཞེས་གསུངས་པས་དེ་ཕུང་ཁམས་སྐྱེ་མཆེད་ཀྱི་ཡོངས་སུ་བསྒོས་པའི་ས་བོན་འཛིན་པའི་གསལ་རིག་ཙམ་པོ་བ་དེ་སྙིང་གར་གནས་ཏེ་དེ་ཉིད་ཡུལ་གཟུགས་སྒྲ་ལ་སོགས་ལྔ་པོར་འཇུག་མི་ཐུབ་པར་བྱིང་རྨུགས་ཁྲོད་ཀྱི་འཕྲུལ་སྣང་གི་རང་བཞིན་ཞིག་ཏུ་ངོས་འཛིན་མཛད་དེ་རྨི་ལམ་སྒྱུ་མ་ཆུ་བུར་སོགས་སྒྱུ་མའི་དཔེའི་ཁོངས་སུ་འཇོག་པ་ལས་ཀྱང་ཤེས་ནུས། འདིར་དེང་དུས་ཚན་རིག་ཐོག་ནས་རྨི་ལམ་ལ་དབྱེ་བ་གཉིས་སུ་ཕྱེ་སྟེ་སྐྱེ་ལུགས་རྒྱུ་རྐྱེན་དང་སེམས་ཁམས་རྒྱུར་རྐྱེན་གཉིས་ཡིན། དེའི་ཐད་ལོ་ངོ་ཉིས་སྟོང་ལྷག་ཙམ་གྱི་ལོ་རྒྱུས་ལྡན་པའི་བོད་ལུགས་གསོ་རིག་པས་སྐྱེ་ལུགས་རྒྱུ་རྐྱེན་དེ་ཁོ་ནར་དབྱེ་བ་གཉིས་སུ་ཕྱེ་སྟེ། རྣམ་པར་མ་གྱུར་ཐ་མལ་ནད་མེད་དང་རྣམ་པར་གྱུར་པ་ནད་ཅན་གྱི་དབང་དུ་བྱས་པ་གཉིས་ཡོད་པ་ལས། རྣམ་པར་མ་གྱུར་པ་ཐ་མལ་ནད་མེད་ཀྱི་སྐྱེ་ལུགས་རྒྱུ་རྐྱེན་གྱི་རྨི་ལམ་བསྟན་པ་སྟེ། དཔེར་ན། འོ་ཅག་ནད་མེད་ལང་ཚོ་དར་ལ་བབས་སྐབས་རྨི་ལམ་ནང་ཆུ་ཆེན་བརྒལ་བ་དང་། རི་བོ་མཐོ་སར་འཛེགས་ནང་སྐད་སྒྲ་སྒྲོག་པ། གླུ་གར་རྒྱན་ལ་དགའ་བ། རང་བཞིན་གྱིས་གནས་མཐོ་སར་བཀྱག་པའི་སྣང་བ་རྨིས་པ་རྣམས་དོན་དུ་ལུས་མདངས་རྒྱས་ལ་ལུས་སྟོབས་འཕེལ་བའི་སྣང་ཚུལ་ཡིན་པར་བརྗོད། ཡང་དཔེར་ན། ཁྱེའུ་བཙས་ནས་གཉིད་ཉལ་སྐབས་རང་བཞིན་གྱིས་དགད་མོ་འཚེར་བ་དང་ཡང་ན་ངུ་ངག་བྱེད་པ་སོགས་མཐོང་རྒྱུ་ཡོད་པ་དེ་ཡང་རྨི་ལམ་དུ་དགའ་སྐྱོའི་སྣང་བ་རྨིས་པ་ལས་བྱུང་བའི་ཐོག་ནས་ཐ་མལ་ནད་མེད་ཀྱི་སྐྱེ་ལུགས་རྒྱུ་རྐྱེན་ནི་རྣམ་རྟོག་མིན་པར་མངོན་སུམ་གྱི་མཐོང་ཡུལ་དུ་གྱུར། འདིར་མེས་ཞལལས་བྱུང་བའི་རླུང་ཁམས་རང་བཞིན་གྱི་མིའི་རྨི་ལམ་ནི་འདི་ལྟར་ཏེ། ས་ཕྱོགས་ནེའུ་གསིང་ལ་སོགས་པ་དང་།  དེ་མིན་རྫས་ཐམས་ཅད་སྔོན་པོ་དང་གོས་སྔོན་པོ། བྱ་ནག་པོ་ནམ་མཁར་འཕུར་བ། རྟ་བཞོན་པ་དང་ནོར་བུ་སྔོན་པོ་རྨིས་པ་དང་རིག་པ་དྭངས་བ། རྨི་ལམ་གྱི་དངོས་པོ་རྣམས་ཀྱང་འགྱུར་བ་མང་བ་སོགས་དེ་རྣམས་ཡིད་དུ་སྣང་བ་ལ་སོགས་པ་ཡོད་ཅེས་པས་རླུང་གི་རང་བཞིན་དབང་གིས་ཡིད་ཀྱི་རྣམ་པར་ཤེས་པ་བཟུང་བའི་མཐུས་རྨི་ལམ་ཡང་མི་འདྲ་བ་བསྟན་ཡོད།  དེ་བཞིན་དུ་མཁྲིས་པའི་ཁམས་ཀྱི་མིའི་རྨི་ལམ་གྱི་སྡེ་ཚན་ནི།  མེ་འབར་དང་།  གོས་དམར་པོའམ་སེར་པོ།  ས་གཞི་སེར་པོ་དང་དམར་པོ།  གསེར་དང་བཙུན་པ།  སེམས་ཅན་དང་རྫས་ལ་སོགས་པ་ཐམས་ཅད་ཀྱང་སེར་པོ་ཤས་ཆེ་བ་དང་། དལ་ཞིང་རྟེན་པ་རིག་པ་ཡང་བཀྲ་བ་ལ་སོགས་པ་དང་འབྲེལ་བ་རྣམས་སྣང་བ་ཡིན་ནོ། བད་ཀན་ཁམས་ཀྱི་རྨི་ལམ་གྱི་སྡེ་ཚན་ནི། ཆུ་དང་ཁ་བ་དང་ཕྱོགས་ཐམས་ཅད་དཀར་པོ་དང་། གོས་དཀར་པོ་དང་བུད་མེད། གླང་པོ་ཆེ་དང་དངུལ། མུ་ཏིག་ལ་སོགས་པའི་ནོར་བུ་དཀར་པོ་དང་། རེག་པ་བདེ་བ་དང་བརྟེན་པ་ལ་སོགས་པ་དུ་མ་སྣང་། དེ་བཞིན་རླུང་མཁྲིས་བད་ཀན་ཆ་འདྲེས་པའི་རང་བཞིན་ཅན་ལ་ཆ་འདྲེས་པའི་རྨི་ལམ་ཡོང་གི་ཡོད་པས། ཁམས་དེ་ཉིད་ཀྱི་རང་བཞིན་ལས་ཁ་དོག་སོ་སོར་མི་འདྲ་བ་རྨིས་པ་དང་། དེ་བཞིན་ཚ་གྲང་སོགས་རེག་བྱ་ཐ་དད་དུ་རྨིས་པར་སེམས། རྣམ་པར་གྱུར་པ་ནད་ཅན་གྱི་སྐྱེ་ལུགས་རྒྱུ་རྐྱེན་གྱི་རྨི་ལམ་བསྟན་པར། དེ་ཡང་སྙིང་ཁམས་སུ་ཡོད་དམ་ཤེས་པ་འཇུག་པའི་རྩ་སྦུབས་དེ་ནད་རླུང་མཁྲིས་བད་ཀན་ཁྲག་ཆུ་སེར་གང་རུང་འཕེལ་ཟད་འཁྲུགས་གསུམ་བྱུང་བའི་དབང་གིས་ཁྱབ་བྱེད་རླུང་དང་སྦྲགས་ནས་རྒྱུ་སྐབས་རྨི་ལམ་ལ་ཡང་དེ་བཞིན་འགྱུར་བ་བྱུང་ལ་ཐ་ན་ནད་མེད་ཡིན་ཡང་ལག་གཡོན་བྲང་སྟེང་དུ་བཞག་ནས་གཉིད་ཉལ་ཚེ་དེའི་གནོན་ཤུགས་ཀྱི་འགྱུར་བ་ལས་རྨི་ལམ་ནང་གཞན་གྱིས་ལུས་སྟེང་ནས་མནན་ཡོང་ཚུལ་རྨིས་པ་དང་། བྱིས་པའི་དུས་དྲི་ཆུ་བྲོ་སྐབས་ཕྱི་ངོས་སུ་གསང་སྤྱོད་བཙལ་ནས་གཅིན་པ་གཏོང་བ་རྨིས་ཀྱང་དོན་དུ་རང་གི་མལ་སར་གཅིན་པ་གཏོང་བའི་འཁྲུལ་བའི་སྣང་ཚུལ་དུ་མ་ཡོད། དེས་ན་སྙིང་རླུང་གི་ནད་ཡོད་པ་ཞིག་ལ་མཚོན་ན། རྨི་ལམ་ནང་གཡར་གཟར་བྲག་རིར་ལྷུང་བ་དང་སྡུག་བསྔལ་གྱིས་ངུ་འབོད་བྱེད་པ། འཇིགས་སྐྲག་སྐྱེ་བའི་ངང་ཚུལ་སོགས་རྨིས་པས་དོན་དམ་དུ་ནད་གཞི་ཇེ་མཐུར་འགྲོ་གིན་ཡོད་པ་རྟོགས་ཐུབ། ཡང་རྨི་ལམ་ལ་བརྟེན་ནས་ནད་རིགས་བྱུང་ཚུལ། འཕེལ་ཚུལ། རང་བཞིན་སོགས་སྔོན་དཔག་བྱེད་ཐུབ་པ་སྟེ། མེས་ཞལ་ལས། ལུས་དང་གོས་དང་ཕྲེང་བ་དམར། བུད་མེད་རྒོད་པས་དྲངས་མི་གང་། ། དེ་ནི་ཁྲག་མཁྲིས་དག་གིས་འཆི། །  མ་ཧེ་རྟ་ཕག་བོང་བུ་དང་། །  རྔ་མོང་བཞོན་ཏེ་ལྷོ་ཕྱོགས་འགྲོ།  དེ་ནི་གཅོང་ཆེན་ནད་ཀྱིས་འཆི། ། ལྕུག་མ་ཚེར་ཅན་འོད་མ་ཡིབ། ། ཏཱ་ལ་སྙིང་གར་སྐྱེ་བ་རྨིས། ། གང་ཡིན་དེ་ནི་སྐྲན་གྱིས་འཆི།  ཞེས་དང་།  མན་ངག་རྒྱུད་ཀྱི་མཛེ་ནད་ལེའུལས།  སྤྱི་ལ་ཕྱི་ནང་གསང་བ་གསུམ་གྱིས་རྟགས་ཕྱི་ལ་མངོན་ཚུལ་གྱི་རྨི་ལམ་བརྟག་པ་ལ། རྨི་ལམ་ཆུ་དང་ཤིང་དང་ནེའུ་གསིང་དང་། སྦལ་ལྕོང་ཉ་སྦྲུལ་འབུ་སྦྲང་སྡིག་སྡོམ་སོགས། ལུས་ལ་འབྱར་དང་གསེབ་ན་འདུག་པ་དང་། ། གཡག་མཛོ་གཅན་གཟན་རྣམས་ཀྱིས་དེད་པ་དང་།  མི་ཤོང་སྒོ་འཕྲང་འཛུལ་དང་གཡང་ལ་ལྷུང་།  ཉི་ནུབ་ས་སྲིས་སེར་བ་བབས་པ་དང་།  མདའ་དང་སྒོ་ང་ལྷ་ཁང་ལྡེར་བཟོ་འགུལ།  ། བུད་མེད་དག་གིས་ལུས་ཟུངས་འབྱིན་པ་རྨིས། ལྷས་ཚོར་དུས་ཏེ་གདོན་གྱིས་འདེབས་པའི་རྟགས། ཞེས་ལུས་ལ་མ་འོངས་ནད་རིགས་གང་འབྱུང་རྒྱུ་ཡིན་པ་ཕྱིའི་ལུས་ཁམས་ནས་ནད་རྟགས་མ་ཚོར་བའི་གོང་ནས་རྨི་ལམ་གྱིས་སྔོན་དཔག་ཐུབ་པ་ལྟར་དུ་སྣང་ཡང་དོན་དུ་དེ་དག་ལས་འབྱུང་ཁམས་ཀྱི་འཕོ་འགྱུར་མངོན་ཡོང་བར་བསྟན་ཡོད། གོང་གསལ་རྣམ་པར་མ་གྱུར་པ་ཐ་མལ་ནད་མེད་ལ་རྣམ་པར་གྱུར་པ་ནད་ཅན་གྱི་རྨི་ལམ་ངན་པ་དེ་ལྟ་བུ་མཐོང་བར་གྱུར་ན་དུས་གཞན་ཞིག་ན་ནད་ཀྱིས་བཏང་ནས་འཆི་བའམ་འཚོ་བ་གཏོལ་མེད་པའི་ཐེ་ཚོམ་དང་བཅས་པར་འགྱུར་ལ། རྣམ་པར་གྱུར་པ་ནད་ཅན་ལ་རྨི་ལམ་ངན་པ་དེ་ལྟ་བུ་ཞི་བར་འགྱུར་བའི་རྒྱུ་བསྟན་པའི་ཤུགས་ཀྱིས་འཆི་བ་ལས་ཐར་བར་འགྱུར་ཞིང་འཚོ་བར་གནས་པའི་ཁྱད་ཆོས་ལྡན་ཡོད་པ་ཡང་ལུས་ཁམས་ཀྱི་འབྱུང་བ་དག་གི་འཕོ་འགྱུར་གྱི་ཡིད་ཆེས་ལ་གཡོ་འགུལ་བྱུང་བས་དེ་ལྟར་རྨིས།

        གཉིས་པ།  རྨི་ལམ་གྱི་བྱུང་ཚུལ་བསྟན་པ།

        གནས་ཀྱི་དབང་གིས་རྨི་ལམ་བྱུང་ཚུལ་བསྟན་པར་དེང་དུས་ཚན་རིག་གིས་བརྟག་པ་ལྟར་ན། ཀླད་པའི་སྐྱི་རིམ་གྱི་འགུལ་བསྐྱོད་དང་ལྷོད་འཇགས་ཀྱི་རྣམ་པ་གཉིས་ལས་མཚན་མོ་གཉིད་ཉལ་སྐབས་ལྷོད་འཇགས་ཀྱི་རྣམ་པར་ཚོར་བ་བྱུང་ནས་རྨི་ལམ་རྨིས་པ་ཞིག་ཡིན་ཏེ་དེའི་ཐད་རི་པིན་གྱི་སུང་པན་གྲུན་ཀྲེ་ཡིས། གཉིད་ཉལ་སྐབས་ཀླད་པའི་ནང་གི་མྱུར་རླབས་ཀླད་གཞུང་དུ་གནས་པའི་བྱེད་ལས་དང་། དལ་རླབས་ནི་ཀླད་པ་ཆེ་བའི་སྐྱི་རིམ་ནང་གནས་པའི་ཚོར་བ་བྱུང་བའི་བྱེད་ལས་དབང་གིས་འབྱུང་ཞེས་དང་། ཕྱི་ལུགས་གསོ་རིག་དང་ཀྲུང་ལུགས་གསོ་རིག་གཉིས་ཀྱི་བརྟག་དཔྱད་བྱ་ཚུལ་ཐད་ཅུང་མི་འདྲ་ན་ཡང་རྩ་བའི་དོན་གཅིག་ཏུ་གནས་ཤིང་། བོད་ལུགས་གསོ་རིག་ལས། རླུང་དང་མཁྲིས་པ་བད་ཀན་གྱི་ནད་རྣམས་ཀྱི་དྲི་མ་སྟོབས་དང་ལྡན་ཞིང་ཤིན་ཏུ་ཤས་ཆེ་བར་གྱུར་པས། ཡིད་ཅེས་བྱ་བ་སེམས་གང་དུ་འཇུག་ཅིང་རྒྱུ་བའི་བུ་གའི་རྒྱུན་སྲང་ནད་ཀྱིས་བཀག་ཅིང་གང་བའི་ཕྱིར་མི་བཟད་ཅིང་གནོད་པ་བསྐྱེད་པ་ལས་བཀྲ་མི་ཤིས་པའི་རྨི་ལམ་འབྱུང་ཞེས་བརྗོད་པས། མདོར་ན་གཉིད་ལོག་སྐབས་ཀླད་པའི་ནང་གི་མྱུར་དལ་གྱི་རླབས་དེ་གཉིས་ཕན་ཚུན་ཐེངས་བཞི་ལྔ་བརྗེ་ལེན་བྱེད་སྐབས་མྱུར་བའི་རླབས་ཀྱི་གཉིད་འཐེབས་དུས་ནི་རྨི་ལམ་འབྱུང་བའི་དུས་གཙོ་བོ་ཡིན་པར་བསྟན་ཡོད།

        གསུམ་པ། རྨི་ལམ་གྱི་དབྱེ་བ་དང་འབྲས་བུ་བསྟན་པ།

        བོད་ལུགས་གསོ་རིག་ལས་རྨི་ལམ་གྱི་དབྱེ་བ་བདུན་དུ་བསྟན་ཡོད་དེ། མཐོང་བ་དང་ཐོས་པ།  ཉམས་སུ་མྱོང་བ།  གསོལ་བ་བཏབ་པ།  བརྟག་པ་འབྱུང་བར་འགྱུར་བ།  ནད་ལས་བྱུང་བ་བཅས་ཡིན། དེ་ལ་མཐོང་བའི་རྨི་ལམ་ནི་གཉིད་མ་ལོག་པའི་གནས་སྐབས་སུ་མིག་གིས་མཐོང་ཞིང་མྱོང་བ་དངོས་དེ་རྨི་ལམ་གྱི་གནས་སྐབས་སུ་དེ་འདྲ་བའི་རྣམ་པ་རྨིས་ཤིང་མཐོང་བའོ། ཐོས་པ་ནི་རྣ་བའི་དབང་པོས་ཐོས་དོན་ནམ་ཡང་ན་གཉིད་ལོག་པའི་སྐབས་ཀྱི་ཕྱོ་རིལ་གྱི་སྒྲ་དེ་ཉིད་རྨི་ལམ་དུ་རྨིས་པ། ཉམས་སུ་མྱོང་བ་ནི་རང་རིག་པའི་ཚུལ་གྱིས་བློས་ཉམས་སུ་མྱོང་བ་རྨིས་པ། གསོལ་བཏབ་པ་ནི་དོན་དུ་གཉེར་ཞིང་ཡིད་ལ་འདོད་པའི་དོན་རྣམས་རྨིས་པ། བརྟག་པ་ནི་ཡིད་ཀྱིས་ཇི་ལྟར་འདོད་པ་བཞིན་དུ་བརྟག་ཅིང་ཡིད་ལ་བྱེད་པའོ། འབྱུང་བར་འགྱུར་བ་ནི་འབྱུང་འགྱུར་གྱི་དོན་ཡིད་ལ་བཅག་པ་རྣམས་རྨིས་པ། ནད་ལས་བྱུང་བ་ནི་རླུང་དང་མཁྲིས་པ་བད་ཀན་སོ་སོ་ལས་རྟགས་སྣ་ཚོགས་རྨིས་པ་བཅས་ཏེ། གོང་གསལ་རྨི་ལམ་དེ་དག་ནང་ནས་དང་པོའི་རྨི་ལམ་ལྔ་པོ་མཐོང་བ་ལ་སོགས་པ་ནི་བརྟག་པའི་འབྲས་བུ་མེད་པ་དང་། དེ་བཞིན་དུ་རང་བཞིན་གྱི་ནད་གཞི་ལས་བྱུ་བའི་རང་དང་རྗེས་སུ་མཐུན་པའི་རྨི་ལམ་ལ། རླུང་གི་རང་བཞིན་ཅན་ལ་རླུང་གི་རང་བཞིན་ཅན་དང་མཐུན་པར་རྨིས་པའི་རྨི་ལམ་དང་།  མཁྲིས་པའི་རང་བཞིན་ཅན་ལ་མཁྲིས་པ་དང་རྗེས་སུ་མཐུན་པའི་རྨི་ལམ་དང་།  ཆ་འདྲེས་པའི་རང་བཞིན་ཅན་ལ་ཆ་འདྲེས་པའི་རྨི་ལམ་རྨིས་པ་དེ་དག་ལ་རང་རང་ནད་ཀྱི་ཁྱད་པར་ལ་བརྟག་པ་བྱས་རུང་།  དེ་བཞིན་དུ་ཉིན་མ་རྨིས་པ་དང་།  རྨིས་ནས་བརྗེས་པ།  ཤིན་ཏུ་ཡུན་ཐུང་བ་ལ་ནི་འབྲས་བུ་མེད་པ། མཚན་སྟོད་ཅེས་པ་ནམ་ཕྱེད་ཡན་ཆད་དུ་རྨི་ལམ་རྨིས་པའི་འབྲས་བུ་ཐག་རིང་བ་ཡིན། ཐོ་རིངས་ཀྱི་རྨི་ལམ་དེ་ནི་དེའི་ཉིན་མོ་ཉིད་ལ་བརྟག་དཔྱད་ཀྱི་འབྲས་བུ་ཆེན་པོ་མཐོང་བར་བསྟན་ཡོད།

        དེ་བཞིན་གསོ་རིག་ལས་མཚན་མཐུན་གསུམ་དུ་ཉེས་གསུམ་ལྡང་དུས་དབང་གི་རྨི་ལམ་ཞེས། སྲོད་ལ་བད་ཀན་ཤས་ཆེ་བས་སྲོད་ཀྱི་རྨི་ལམ་ནི་བད་ཀན་གྱི་རང་རྟགས་ཅན་དང་། ནམ་ཕྱེད་དུས་མཁྲིས་པ་ཤས་ཆེ་བས་མཁྲིས་པའི་རང་རྟགས་ཅན། ཐོ་རེངས་རླུང་ཤས་ཆེ་བས་རླུང་གི་རང་བཞིན་ཅན་བཅས་དེ་དག་ལས་རིག་པ་དྭངས་རྙོགས་ཀྱི་ཁྱད་པར་ལ་རྨི་ལམ་གྱི་རྒྱུ་བའང་མི་འདྲ་བ་བྱུང་བ་བསྟན་ཡོད། ཡང་ཀློང་རྡོལ་གྱི་རྨི་ལམ་བརྟག་པར། སྲོད་ལ་བྱུང་བ་ཕལ་ཆེར་ནི།།སྔར་བྱས་ལས་དང་ཞེན་པ་གནས་དང་གྲོགས། ། ཟས་དང་གླེང་བརྗོད་ཉེ་དུ་མདུན་གྲོགས་སོགས། ། ཉིན་མོ་གསུམ་ཚུན་དེ་ཡི་བག་ཆགས་བྱུང་། ཁྱད་པར་སེམས་ལ་ཆགས་པའི་བྱ་བ་ཡིན། ། བག་ཆགས་བྱུང་བས་དེ་ཉིད་ཡང་ཡང་རྨིས། ། ཞེས་མཚན་སྟོད་ཀྱི་རྨི་ལམ་ཉིན་མོའི་ལས་བྱ་བ་ཁྱད་པར་ཅན་དང་སེམས་ལ་ཁྱད་པར་ཆགས་པ་དེ་དག་གིས་ཡིད་ཀྱི་ཤེས་པར་གཡོ་འགུལ་གྱི་ཤུགས་རྐྱེན་ཐེབས་ཚད་ཆེ་བ་དང་བག་ཆགས་གཏིང་ཟབ་པས་གཉིད་དུ་སོང་ཡུན་ཐུང་བའི་གསལ་རིག་དེ་ལས་བྱུང་བའི་བག་ཆགས་ཀྱི་རྨི་ལམ་དུ་གསུངས་ཡོད་ཅིང་།  ནམ་དཀྱིལ་གྱི་རྨི་ལམ་ལ།  ནམ་གྱི་གུང་ཐུན་སུམ་ཆའི་དུས་ཚོད་ལ།  འདྲེ་དང་སྲིན་པོ་ལྷ་མིན་བདུད་ལ་སོགས། །  རྒྱུ་བའི་ཕྱིར་ན་བཟང་ངན་ཅི་བྱུང་ཡང་།  ། དེ་རྣམས་རྩེ་གཅིག་འཁྲུགས་པའི་ཆོ་འཕྲུལ་ཡིན། ། ཞེས་ནམ་ཕྱེད་དུས་ན་གཉིད་ཤིན་ཏུ་སྟུག་པོ་ཁུག་པས་ཤེས་པ་དེ་ཉིད་བྱིངས་རྨུག་གིས་འཐིབས་པའི་ཚེ་རྣམ་ཤེས་གཞན་བདུད་སྲིན་ལ་སོགས་པའི་ནུས་མཐུས་རྨི་ལམ་ངེས་མེད་གཏོང་བར་འདོད། ཡང་ཐོ་རེངས་ཀྱི་རྨི་ལམ་ལ། ཐོ་རེངས་དུས་ཀྱི་ནམ་གྱི་སུམ་ཆ་ལ། བཟང་ངན་འབྲས་བུ་འབྱུང་བས་བརྟག་པར་གཅེས། ཞེས་ཐོ་རེངས་ཀྱི་དུས་སུ་མདང་ནུབ་ཀྱི་ཟས་སྐོམ་ཞུ་བས་ལྟོ་བ་སྟོང་ཤིང་རླུང་གི་རྒྱུ་བ་ཤིན་ཏུ་སྙོམས་པ། ཤེས་རིག་གསལ་བས་ཤེས་པ་ཉིད་ཀྱང་ཐོག་མ་ནས་དྭངས་གསལ་ཡིན་པས་དེ་ལ་རང་བཞིན་གྱི་མངོན་ཤེས་ཀྱི་ཆ་ཡོད་པར་བརྟེན། མ་འོངས་སྔོན་རྟོགས་ཀྱི་སྣང་བ་འཆར་བར་འདོད་དོ།།

        བཞི་པ།  བོད་རིགས་དམངས་ཁྲོད་ཀྱི་རྨི་ལམ་བརྟག་པ་བསྟན་པ།

        རང་རེ་བོད་རིགས་ལ་ཡང་མི་རིགས་གཞན་དང་འདྲ་བར་ཆོས་ལུགས་ཀྱི་ལྟ་བའི་ཐད་དང་དམངས་ཁྲོད་གོམས་སྲོལ་ཐོག་ནས་རྨི་ལམ་བརྟག་ཚུལ་ཞིག་གྲུབ་ཡོད་ཅིང་དེས་ལས་བཟང་ངན་ཅི་རིགས་དང་། ཆོས་ཕྱོགས་ཀྱི་སྒྲུབ་པ་ཉམས་ལེན་དང་། ན་འཆི་ལ་སོགས་གང་ལའང་རྨི་ལམ་བརྟག་སྲོལ་ཡོད་དེ་། དཔེར་ན། གོས་དང་རྒྱན་བཟང་པོ་བཏགས་པ་རླུང་རྟ་བསྐྱེད་པ། མེ་ཆེན་འབར་བ་སོགས་ནོར་འཕེལ་བའི་རྟགས། ནད་པ་དམར་ཧྲེང་དུ་འགྲོ་བ་འཆི་ལྟས་སུ་བྱེད་པ། ཉི་ཟླ་འཆར་བ་རྨིས་ན་བཟང་རྟགས་དང་། ཉི་ཟླ་ནུབ་དང་མུན་རུབ་པ་རྨིས་ན་ངན་པའི་རྟགས་སུ་བྱེད་པ་དེ་དག་ལ་རང་རིགས་གོམས་སྲོལ་གྱི་རྟགས་རྟེན་འབྲེལ་བརྩི་ཚུལ་གཞིར་བཟུང་རང་གི་མ་འོངས་བསྒྲུབ་བྱའམ་འདོད་འདུན་དག་ལ་བརྟགས་པ་བྱེད་པའི་སྲོལ་རྒྱུན་ཡོད་པ་ཡང་གླིང་འདིའི་སྟེང་གི་མི་རིགས་གཞན་དག་ལ་ཡང་དེ་དང་འདྲ་བར་ཡོད་དེ་དཔེར་ན་བོད་རིགས་ཀྱིས་ཁྲག་དམར་རྨིས་ན་རྨས་སྐྱོན་དང་ཁྲག་དོན་པའི་རྟགས་སུ་བྱེད་ཀྱང་རྒྱ་རིགས་ལ་ནི་དེ་ཉིད་བསོད་ནམས་ལོངས་སྤྱོད་ཆེར་འཕེལ་བའི་རྨི་ལྟས་སུ་བྱེད་པ་ལྟར་རོ། འོན་ཀྱང་གསོ་རིག་གི་ལག་ལེན་དངོས་ལས་རྨི་ལམ་བརྟག་ཚུལ་ནི། རླུང་མཁྲིས་བད་ཀན་གཙོ་བོར་བྱས་པའི་ནད་འབྱུང་བའི་རྟགས་སུ་རྨི་ལམ་འདྲ་མིན་སྣ་ཚོགས་བྱུང་བར་བརྗོད་པ་ནི་དཔེར་ན། གཡང་གཟར་དུ་འགྲོ་བ་དང་འཇིགས་སྐྲག་ཅན་རྨིས་པ་སྙིང་རླུང་གི་ནད་འཕར་བའི་རྟགས་སུ་བྱེད་ལ། སྣུམ་དང་ཟས་སྣུམ་ཅན་ཟ་བ་སོགས་རྨིས་ན་མཁྲིས་པའམ་ཆམ་པའི་ནད་ཀྱི་རྟགས་སུ་བྱེད་པ་ལ་སོགས་པའི་ནད་ཀྱི་བྱེ་བྲག་ཁྱད་པར་ལ་དམིགས་ནས་བརྟག་ཚུལ་ཡོད་དོ། །

        མདོར་ན། རྨི་ལམ་ནི་ཕྱི་རོལ་ཡུལ་གྱི་བྱ་སྤྱོད་དང་དངོས་པོ། འདུན་པ་སོགས་རྣམ་པ་སྣ་ཚོགས་ཀྱི་རྒྱའི་བག་ཆགས་ཀྱིས་རང་གི་ཀླད་པའམ་སེམས་ངོར་འཆར་བའི་འབྲས་བུ་ཞིག་ཡིན་ཞིང་། དེ་ཡང་མི་རིགས་ལོ་རྒྱུས་དང་། དུས་རབས། སེམས་ཁམས་སོགས་མི་འདྲ་བ་སོ་སོར་ཆོས་ལུགས་དང་གོམས་སྲོལ་གང་ཐད་ནས་རང་གི་འདོད་འདུན་གྱི་སྟོབས་ཀྱིས་རྨི་ལམ་བརྟག་ཚུལ་དང་འགྲེལ་ཚུལ་མི་འདྲ་བ་ཤིན་ཏུ་མང་ཡང་དོན་དམ་དུ་དེ་ནི་སེམས་ཁམས་ཀྱི་བྱེད་ལས་འཁྲུལ་མེད་ཅིག་ལས་མ་འདས་ཤིང་། འདིར་དེའི་ཐད་ཀྱི་ཞིབ་འཇུག་གནང་མཁན་ཚོར་ཕྱོགས་གང་ཅིར་ཞིབ་འཇུག་དང་དཔྱད་གཞིར་དམིགས་ཏེ་ངོ་སྤྲོད་མདོར་བསྡུས་ཙམ་ཞུས་པ་ལགས་སོ།  །