ཀན་སུའུ་བསང་ཆུ་ཡིས་དངོས་མིན་རིག་གནས་ཤུལ་བཞག་དུས་ཆེན་ལ་བརྟེན་ནས་རིག་གནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-27   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        ཟླ་8ཚེས་22ཉིན་ནས་24ཉིན་བར། “ཀྲུང་གོ་ཀན་ལྷོ་ཤམ་བྷ་ལ་བསང་ཆུ་རྫོང་གི་ཤིང་སློང་དུས་ཆེན་སྐབས་གསུམ་པ”བསང་ཆུ་རྫོང་གསེར་ཆེན་རྩྭ་ཐང་དུ་སྤེལ་ཞིང་། ཡུལ་དངོས་སུ་མི་རིགས་ཁག་གི་མི་དམངས་ཁྲི་5ལྷག་མཉམ་གཅིག་ཏུ་འཛོམས་ནས་གཞས་དང་ཞབས་བྲོ་འཁྲབ་ཏེ་དངོས་མིན་རིག་གནས་ཤུལ་བཞག་གི་དུས་ཆེན་བཏང་བ་རེད།

        དུས་ཆེན་རིང་། གསེར་ཆེན་རྩྭ་ཐང་དུ་གུར་བརྒྱ་ཕྲག་ཕུབ་ཅིང་། གུར་ནང་དུ་ཅོག་ཙེ་གསུམ་མཐུད་པའི་ཐོག་ཤིང་ཏོག་དང་འཐུང་ཆུ་སྣ་ཚོགས་སྒྲིག་ཡོད་པ་དང་། ཕྱོགས་བཞིར་ས་གདན་བཏིངས་འདུག ལོ་ན་རྒན་པ་ཚོས་གུར་ནང་དུ་ཟས་ཟ་བཞིན་ཁ་བརྡ་བྱེད་བཞིན་འདུག འཁྲིས་ཀྱི་གུར་ཆུང་ནི་བྱིས་པ་ཚོ་རྩེད་མོ་རྩེ་ས་དང་ཉིན་གུང་ངལ་གསོ་བྱེད་ས་རེད་འདུག  ལྟག་རྒྱབ་ཏུ་ཇ་ཁང་ཞིག་ཕུབ་འདུག་པ་དེ་ནི་བུད་མེད་ཚོས་ཟ་མ་གཡོ་སྐོལ་བྱེད་ས་དང་སྐད་ཆ་ཤོད་ས་རེད་འདུག

        ཉིན་མོར། དར་མ་ཚོས་མཉམ་དུ་ཆང་འཐུང་ནས་ཁ་བརྡ་བྱེད་ཅིང་། བྱིས་པ་ཚོ་རྩྭ་ཐང་དུ་རྩེད་མོ་རྩེ་བཞིན་འདུག  མཚན་མོར་སླེབས་པ་དང་བསྟུན། ཕོ་གསར་མོ་གསར་ཚོས་མེ་ཕུང་གསོས་ནས་སྐོར་བྲོ་འཁྲབ། ཧྲན་ཞི་ནས་ཡོང་བའི་ཡུལ་སྐོར་བ་ཝང་ཙི་ཧན་གྱིས་ཆུང་མ་དང་ཕྲུ་གུ་ཁྲིད་དེ་རླངས་འཁོར་བསྐོར་ནས་གནས་འདིར་སླེབས་འདུག ཁོང་གིས། ལམ་བར་གྱི་ཡུལ་ལྗོངས་ཧ་ཅང་མཛེས་པོ་འདུག ཀན་ལྷོ་རུ་ཡོང་རྗེས། “ཆེས་མཛེས་པའི་མཛེས་ལྗོངས་ནི་ལམ་བར་དུ་ཡོད”ཟེར་བ་ར་སྤྲོད་བྱས་འདུག  “སྟབས་ལེགས་པ་ཞིག་ལ་ཤིང་སློང་དུས་ཆེན་ལ་འཁེལ་འདུག ཇ་བསྲུབས་མ་འཐུང་ཞོར་སྐོར་བྲོ་འཁྲབ། ཕྲུ་གུས་གནས་འདིར་ཧ་ཅང་དགའ་བོ་བྱེད་བཞིན་འདུག་”ཅེས་བཤད།

        ཚེས་23ཉིན། 2020ལོའི་བསང་ཆུ་བླ་བྲང་གི་མཐོ་སྒང་མཱ་ལ་སུང་ལམ་ཕྱེད་འགྲན་བསྡུར་རྒན་རྒྱ་རུ་འགོ་ཚུགས་པ་དང་། འགྲན་བསྡུར་དེར་རྒྱལ་ཡོངས་ས་ཆ་ཁག་ནས་རྒྱུག་ཤར་གློད་པར་དགའ་ཞེན་ཡོད་མཁན་2000ལྷག་ཞུགས་འདུག འགྲན་ཞུགས་པ་ཚོས་རྒྱ་མཚོའི་ངོས་ལས་ཆ་སྙོམས་མཐོ་ཚད་སྨི་3100ཡི་རྒྱུག་ལམ་དུ་ཆར་པའི་ཁྲོད་འགྲན་བསྡུར་ལ་ཞུགས་ཡོད།

        ལིན་ཞ་ནས་ཡོང་བའི་དབྱང་ཞའོ་ཆིང་དང་གྲོགས་པོ་མཉམ་དུ་ཐེངས་འདིའི་འགྲན་བསྡུར་ལ་ཞུགས་འདུག ཁོ་མོས་ལམ་བར་དུ་རྒན་གྱའི་མཁར་རྙིང་དང་། བྲག་དཀར་དགོན་པ། རྒན་གྱའི་གྲོག་རོང་ཆེན་མོ་སོགས་ཡུལ་ལྗོངས་མང་པོ་བརྒྱུད་པས། དེ་ནི་རི་མོའི་ནང་རྒྱུག་ཤར་གློད་པ་འདྲ་བོ་འདུག”ཅེས་བཤད།

        བསང་ཆུ་རྫོང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ལེ་ཞང་གིས་ངོ་སྤྲོད་བྱས་དོན། འགྲན་བསྡུར་འདིའི་དམིགས་ཡུལ་ནི་བསང་ཆུ་རྫོང་གི་རིག་གནས་ཡུལ་སྐོར་གྱི་ཐོན་ཁུངས་སྔར་བས་སྔོག་འདོན་དང་ཁྱབ་སྒྲོག་བྱེད་པ་དང་། ནུས་ཤུགས་ཡོད་ཚད་ཀྱིས་བསང་ཆུ་རྫོང་གི་རིག་གནས་ཡུལ་སྐོར་གཏིང་ཟབ་ཅིང་མཉམ་འདྲེས་སྒོས་འཕེལ་རྒྱས་གཏོང་བར་སྐུལ་འདེད་བྱེད་པ། ཁྱོན་ཡོངས་ནས་བསང་ཆུ་རྫོང་གི་རིག་གནས་ཡུལ་སྐོར་གྱི་སྐད་གྲགས་དང་སྙན་གྲགས་ཀྱི་ཚད་ཇེ་མཐོར་གཏོང་བའི་ཆེད་དུ་ཡིན་ཞེས་བཤད།

        བསང་ཆུ་རྫོང་གི་རྫོང་དཔོན་ཀྲང་ཀྲི་ཧུང་གིས་ངོ་སྤྲོད་བྱས་དོན། 2020ལོའི་ཀྲུང་གོ་ཀན་ལྷོ་ཤམ་བྷ་ལ་བསང་ཆུ་རྫོང་གི་ཤིང་སློང་དུས་ཆེན་ནི་རྫོང་འདིའི་ཡུལ་སྐོར་ཐོན་ཁུངས་བསྡུ་སྒྲིལ་དང་། ཡུལ་སྐོར་ཐོན་རྫས་དྲིལ་སྒྲོག  ས་ཁོངས་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ལས་སྟེགས་གལ་ཆེན་ཞིག་དང་། རྫོང་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་མཐོ་རུ་གཏོང་བ། ཐོན་ལས་ཀྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་སྐུལ་འདེད་གཏོང་བ་ཞིག་ཡིན། མ་འོངས་པར་བསང་ཆུ་རྫོང་གིས་“འཛམ་གླིང་བོད་རིག་པའི་སློབ་གླིང་སྟེ་ཀྲུང་གོའི་བླ་བྲང་”གི་ཡུལ་སྐོར་སྤུས་རྟགས་ཀྱི་སྣང་བརྙན་གསར་པ་སྔར་བས་མཐོར་འདེགས་སུ་གཏོང་རྒྱུ་ཡིན།