སྒོ་ང་དཀར་ཟས་ཡིན་ནམ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-24   རྩོམ་ཁུངས།    གསོ་རིག་རྒྱུན་ཤེས་འཕྲིན་སྟེགས།

        སྒོ་ང་དཀར་ཟས་ཡིན་ནམ། ཁམ་ཟས་རིགས་ཀྱི་དབྱེ་བ། མར་བརྩོན་འགྲུས། ཆུ་དམར། དཀར་ཟས། ཁྲག་མ་འདྲེས་པའི་ཟས། དམར་ཟས། ཁྲག་འདྲེས་པའི་ཟས་སམ་དེའི་ཁོངས་གཏོགས། ཁོངས་གཏོགས་ཞེས་པས་དཔེར་ན་སྲོག་ཞུགས་མ་ཐག་པའི་སྒོ་ང་ལྟ་བུར་ཁྲག་མེད་ཀྱང་གྲུབ་ཆ་ཉིད་ཤ་ཁྲག་ཀྱི་ངོ་བོར་འགྱུར་རུང་ཡིན་པས་དམར་ཟས་སུ་བསྡུ་བའོ།། སྡིག་ཟས། སྡིག་པ་ཅན་གྱི་ཟས། (འདིར་སྡིག་ཟས་ཞེས་པ་སྡིག་པ་ཅུང་ཆེ་བ་ཅན་ལ་གོ་དགོས་པ་ལས། ཟག་བཅས་ཀྱི་ཟས་སམ་ཁམ་ཟས་ཚང་མར་སྡིག་པ་ཆེ་ཆུང་ཅི་རིགས་མེད་པ་མི་སྲིད) དཀར་ཟས་དང་སྡིག་ཟས་གཉིས་ཀ་ཡིན་པ། དུད་འགྲོ་སོགས་ལ་བརྙས་བཅོས་ཚད་མེད་བྱས་ནས་བླངས་པའི་འོ་མ་ལྟ་བུ། ཡང་ན་ཆང་ཨ་རག དཀར་ཟས་ཁོ་ན་ཡིན་པ། རྩམ་པ་ལྟ་བུ། དམར་ཟས་དང་སྡིག་ཟས་གཉིས་ཀ་ཡིན་པ། བསད་པའི་ཤ དམར་ཟས་ཡིན་ལ་སྡིག་ཟས་མ་ཡིན་པ། སྲོག་ཆགས་རང་སྟོབས་ཀྱིས་ཤི་བའི་ཤ ༼ འོན་ཀྱང་བསད་ཤ་མི་གསོལ་མཁན་རྣམས་ཀྱིས་ཤི་ཤ་ཡང་མ་གསོལ་ན་ཡག་སྟེ། ཤི་ཤ་ལ་སྲེད་པའི་སྲེད་པ་དེ་ཤ་ལ་སྲེད་པའི་སྲེད་པ་ཡིན་པས་བྱེད་པ་རྒྱུ་མཐུན་གྱི་འབྲས་བུའམ་རིགས་མཐུན་པའི་བག་ཆགས་ཀྱི་དབང་གིས་སྐྱེ་བ་ཕྱི་མར་ཤ་ཁྲག་ལ་དགའ་བའི་རིགས་སུ་སྐྱེ་ཉེན་ཆེ་བས་སོ།། ༽ དེ་བཞིན་དུ་ཤ་མི་གསོལ་ན་ཤ་འདྲ་༼ ཤ་ལྟ་བུར་བཟོས་པའི་དཀར་ཟས་ཀྱི་རིགས ༽ཡང་ཟ་མི་ཉན་ཏེ། རྒྱུ་མཚན་མཚུངས་པས་སོ།། གཞན་ཡང་། རྒྱ་རིགས་ཀྱིས་“荤素”ཟེར་བའི་“荤”ནི་དམར་ཟས་ཙམ་ལ་མི་གོ་བར་རིགས་སྣ་ཚོགས་འདྲེས་པའི་ཟས་ཏེ། སྒོག་པ་དང་སུར་པན་དག་ཀྱང་“荤”ཟེར་བའི་གྲས་སུ་འཇོག་གོ ། རྒྱུ་མཚན་ནི་སྒོག་ཙོང་སོགས་ཟོས་ན་ལུས་ཀྱི་དྲོད་འཕེལ་བས་སྲེད་པ་དག་ཀྱང་འཕེལ་ལོ་ཞེས་པ་རྒྱ་བརྒྱུད་ནང་བསྟན་སྨྲ་བ་དག་གི་གསུངས་སྲོལ་ལོ།། འདི་བཞིན་དུ་དོན་ལའང་གནས་སོ་སྙམ། དེས་ན་བྱ་སྒོང་དཀར་ཟས་ཡིན་ནམ་དམར་ཟས་ཡིན་སྙམ་ན། སྒོ་ང་ལ་རིགས་གཉིས་ཡོད་དེ། སྲོག་ཞུགས་པའམ་ཞུགས་མྱོང་བའི་སྒོ་ང་དང་། སྲོག་ཞུགས་མ་མྱོང་བའི་སྒོ་ང་སྟེ་གཉིས་སོ།། ཕྱི་མ་དཀར་ཟས་དང་སྔ་མ་དམར་ཟས་སུ་བདག་གིས་འདོད་དོ།། འདིར་འགའ་ཞིག་གིས་སྒོ་ང་ཡིན་ན་སྲོག་ཞུགས་དགོས་པས་ཁྱབ་པ་འདོད་པ་དག་ནི་སྒོ་ང་གྲུབ་པའི་བརྒྱུད་རིམ་དང་བྱ་སྒོང་གི་གྲུབ་ཚུལ་མ་ཤེས་པའི་སྐད་ཙམ་དུ་ཟད་པས་དམིགས་བསལ་གྱི་ངོ་སྤྲོད་བྱེད་པར་མ་བརྩོན་ཏོ།། འོ་ན་སྒོ་ང་གང་ཞིག་སྲོག་ཞུགས་པ་དང་གང་ཞིག་མ་ཞུགས་པ་ཡིན། ཇི་ལྟར་བརྟག་ཅེ་ན་བཤད་པར་བྱ་སྟེ། བརྟག་ཐབས་གཉིས་ཀྱི་དང་པོ། གློག་དང་སྒྲོན་མེའི་འོད་ལ་སྒོ་ངའི་མགོ་སྦོམ་ངོས་གཏད་དེ་ཞིབ་ཏུ་བལྟས་ན། ནང་དུ་གྲིབ་མ་ནག་པོ་ཞིག་མཐོང་རྒྱུ་ཡོད་ན་སྲོག་ཞུགས་པའི་སྒོ་ང་དང་མེད་ན་མ་ཞུགས་པའོ།། གཉིས་པ། སྒོ་ང་ཁ་ཕྱེས་ནས་སྒོ་ངའི་སེར་རིལ་(蛋黄)ལ་ཞིབ་ཏུ་བལྟས་ཚེ། སེར་རིལ་སྟེང་དུ་ཉ་ཡི་མིག་ལྟ་བུའི་དབྱིབས་གོར་གོར་ཡོད་ན་སྲོག་ཞུགས་པ་དང་མེད་ན་མ་ཞུགས་པའོ།། གཞན་ཡང་"དཀར་ཟས་"ཞེས་པའི་"དཀར་"གྱི་གོ་བ་རྣམ་དཀར་རམ་དགེ་བའི་དོན་ལ་འཇུག་ན་ཡག་སྟེ། ཟ་མ་དེ་ཟོས་ན་སྡིག་ཏུ་འགྱུར་མི་འགྱུར་གྱི་སྒོ་ནས་བརྟག་ན་དོན་དང་ཡང་མཐུན་ཏོ།།