མཛོད་དགེ་རྫོང་གིས་བཟའ་བཏུང་འཕྲོ་བརླག་གཏན་འགོག་གི་བྱེད་སྒོ་སྤེལ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-24   རྩོམ་ཁུངས།    རྔ་སྒྲ།

        ཉེ་ཆར། མཛོད་དགེ་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཟའ་བཏུང་འཕྲོ་བརླག་གཏན་འགོག་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དོན་འཁྱོལ་མཐར་ཕྱིན་བྱེད་ཆེད། རྫོང་ཡོངས་སུ་བཟའ་བཏུང་འཕྲོ་བརླག་གཏན་འགོག་བྱེད་པར་མི་རང་ཉིད་ནས་མགོ་བཟུང་སྟེ་བསྲི་ཚགས་གྲོན་ཆུང་བྱེད་པའི་བྱེད་སྒོ་སྤེལ།

        རྫོང་དཔལ་ཡོན་ཨུ་ལྷན་གྱིས་འབྲེལ་ཡོད་ལས་ཀའི་བརྡ་ཐོ་བཏང་སྟེ། སྡེ་ཁག་གི་ལས་འགན་གསལ་ཆོད་ཀྱིས་རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ལ་གྲོས་ཡིག་བཀྲམ་ཞིང་། དྲིལ་སྒྲོག་དང་སློབ་གསོ་གཙོར་བཟུང་སྟེ་བོད་རྒྱ་སྐད་གཉིས་ཀྱི་དྲིལ་སྒྲོག་སྦྱར་ཡིག་བཀྲམས། ཁྱོན་བསྡོམས་སྒྲོག་ཡིག་དང་གྲོས་ཡིག་ཚར་1500བཟོས་ཏེ། དང་ལེན་པས་ཟ་ཁང་དང་མགྲོན་ཁང་། ལས་བཟོ་བའི་ཟ་ཁང་། སློབ་གྲྭ་སོགས་སུ་སྦྱར་ཡིག་བཀྲམ་བར་མ་ཟད། འཕྲོ་བརླག་གཏན་འགོག་དང་འབྲུ་རིགས་གཅེས་སྤྲས། བསྲི་ཚགས་གྲོན་ཆུང་བཅས་རྫོང་ཡོངས་ཀྱི་སྒྲོག་འགྲེལ་ནང་དོན་དུ་བཞག་སྟེ། འབྲུ་རིགས་གྲོན་ཆུང་དྲིལ་སྒྲོག་ཤུགས་ཆེར་བཏང་སྟེ། བསྲི་ཚགས་གྲོན་ཆུང་གི་བཟང་སྤྱོད་དར་རྒྱས་སུ་བཏང་།

        དེ་མིན་མཛོད་དགེ་རྫོང་གི་སྡེ་ཁག་སོ་སོས་ཀྱང་འཕྲོ་བརླག་གཏན་འགོག་ཁྲོད་རང་གིས་ཇི་ལྟར་བྱ་ཞེས་པ་བརྗོད་གཞིར་བཟུང་སྟེ་བགྲོ་གླེང་གི་བྱེད་སྒོ་སྤེལ། ཟ་ཁང་ཕྱེ་བའི་ལས་ཁུངས་ཀྱིས་འཕྲོ་བརླག་གཏན་འགོག་ལྟ་སྐུལ་ལས་གནས་བཙུགས་ཏེ། ལས་ཁུངས་ཀྱི་དང་ལེན་པ་རྩ་འཛུགས་བྱས་ཏེ་སློབ་སྟོན་དང་ལྟ་སྐུལ་བྱེད་དུ་བཅུག  རྫོང་གི་ལས་བཟོ་བའི་ཟ་ཁང་གིས་ཉིན་རེའི་ཟས་ཐུན་རེའི་ལྷག་མ་དག་དཀའ་ངལ་ཅན་གྱི་ཁོར་ཡུག་གཙང་སྦྲ་བར་བྱིན་ནས། འཕྲོ་བརླག་མི་གཏོང་བ་དང་སྦྲགས་དཀའ་ངལ་ཅན་ཀྱི་དངོས་ཡོད་དཀའ་གནད་ཐག་གཅོད་པར་རོགས་རམ་བྱེད་པར་ཕན།

        རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་མཛོད་དགེ་རྫོང་ཁྲལ་དོན་ཅུས་ཀྱི་ལས་མི་ཧྲིན་ལན་གྱིས་བཤད་རྒྱུར། གྲོན་ཆུང་ནི་གོམས་གཤིས་ཡིན་ལ་བྱ་སྤྱོད་ཡིན་པར་མ་ཟད་བཟང་སྤྱོད་ཀྱང་ཡིན། ང་ཚོས་འབྲུ་རིགས་གྲོན་ཆུང་བྱས་ཏེ་འཕྲོ་བརླག་གཏན་འགོག་བྱེད་དགོས། ང་ཚོས་གྲོན་ཆུང་བྱས་ཏེ་སྔར་ལས་མི་མང་བོར་དཔེ་སྟོན་བྱེད་དགོས་ཟེར།

        ད་དུང་། ཟ་ཁང་དུ་གྲོན་ཆུང་ནི་གཟི་བརྗིད་ཡིན་ལ་འཕྲོ་བརླག་ནི་ངོ་ཚ་ཡིན་པ་སོགས་ཀྱི་སྦྱར་ཡིག་དང་སྒྲོག་ཡིག་སྦྱར་དུ་བཅུག་སྟེ། ཟས་ཟ་མཁན་གྱིས་དགོས་མཁོ་ལྟར་ལུགས་མཐུན་ངང་ཟས་ལ་རོལ་བར་གསལ་འདེབས་དང་། གྲོན་ཆུང་དང་ཡ་རབས་ཅན་གྱི་ཟས་སྤྱོད་ཁོར་ཡུག་སྐྲུན་པར་ཁྲིད་སྟོན་བྱས། མཛོད་དགེ་བདེ་ཞིམ་བོད་ཟས་ཁང་གི་ལས་མི་བསྟན་མཚོས་བཤད་རྒྱུར། ད་ལྟ་མི་རྣམས་ཀྱི་འཚོ་བ་ཇེ་བཟང་ཡིན་པས། བཟའ་བཏུང་འཕྲོ་བརླག་གི་གནས་ཚུལ་རྒྱུན་དུ་འབྱུང་བཞིན་ཡོད། མགྲོན་པོ་ཉུང་ཤས་ཤིག་གིས་ཟས་འདེམས་པ་མང་བའི་སྣང་ཚུལ་ཡོད་ན། ང་ཚོས་ཁོ་ཚོར་ཐུམ་རྒྱག་ཞབས་ཞུ་འདོན་སྤྲོད་བྱས་ཏེ། འཕྲོ་བརླག་གཏན་འགོག་ལ་འབད་བཞིན་ཡོད།

        བཟའ་བཏུང་འཕྲོ་བརླག་ནི་ད་ཆའི་སྤྱི་ཚོགས་ཀྱི་གནོད་ཚབས་ཆེ་ཤོས་ཤིག་ཡིན་པས། མཛོད་དགེ་རྫོང་གིས་སྡེ་ཁག་གི་ལས་འགན་དམ་འཛིན་བྱས་ནས་དོན་དག་ཆུང་ཆུང་ནས་མགོ་འཛིན་པ་དང་། ཐབས་ལམ་ནུས་ལྡན་སྤྱད་དེ་འཕྲོ་བརླག་བྱས་ན་ངོ་ཚ་ཡིན་ལ་གྲོན་ཆུང་བྱས་ན་གཟི་བརྗིད་ཡིན་པའི་ངང་ཚུལ་འབད་པས་བསྐྲུན་ཏེ། བཟའ་བཏུང་འཕྲོ་བརླག་གཏན་འགོག་དོན་འཁྱོལ་གནང་བཞིན་ཡོད།