བདེ་ཆེན་གྱིས་རྒྱལ་གཅེས་འཕྲོད་བསྟེན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-21   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བའི་འཕྲིན། གཏིང་ཟབ་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། 《ཡུན་ནན་ཞིང་ཆེན་གྱིས་རྒྱལ་གཅེས་འཕྲོད་བསྟེན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་7གྱི་ཇུས་གཞི་》ཡི་བླང་བྱ་ལྟར། ཉེ་སྔོན། ཁུལ་མི་དམངས་སྲིད་གཞུང་གིས《བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གཞུང་དོན་ཁང་གིས་འགྲེམ་སྤེལ་བྱས་པའི་བདེ་ཆེན་ཁུལ་གྱིས་རྒྱལ་གཅེས་འཕྲོད་བསྟེན་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་7གྱི་ཇུས་གཞི་པར་འགྲེམས་བྱ་རྒྱུའི་སྐོར་གྱི་འབྲེལ་ཡོད་བརྡ་ཐོ》པར་འགྲེམས་བྱས། ཇུས་གཞིའི་ནང་བྱ་སྤྱོད་ཀྱི་དམིགས་ཚད་དང་། ཆེད་དོན་བྱ་སྤྱོད། མྱུར་ཚད་བཀོད་སྒྲིག འགན་སྲུང་བྱེད་ཐབས་སོགས་ཀྱི་ཐད་བཀོད་སྒྲིག་བྱས་ཡོད། ཆེད་དོན་བྱ་སྤྱོད་7་དེ་རྒྱལ་གཅེས་འཕྲོད་བསྟེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་རྒྱུ་རེད། ཁྱོན་ཡོངས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་གཏོང་བ་དང་། དུས་རབས་གསར་པའི་རྒྱལ་གཅེས་འཕྲོད་བསྟེན་དང་རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་ཐོབ་རྒྱུར་སྐུལ་འདེད་གཏོང་བ། སྔར་ལས་ལེགས་པའི་སྒོ་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་ལུས་ཁམས་བདེ་ཐང་ཡོང་བར་འགན་སྲུང་བྱས་པ་རེད། 

        ཆེད་དོན་བྱ་སྤྱོད་དེ་དམིགས་ཚད་8་ལ་སླེབས་རྒྱུ་ཡིན་པ་སྟེ། གཅིག་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཛུགས་སྐྲུན་ཁུལ་དང་། གྲོང་འདབས་ཀྱི་འབྲེལ་མཚམས་ཁུལ་སོགས་སུ་མངོན་མེད་གད་སྙིགས་མེད་པར་བྱེད་རྒྱུ། གཉིས་ནས་གྲོང་ཁྱེར་གྱི་སྤྱི་པའི་གསང་སྤྱོད་གསར་པ་ཚང་མ་རིགས་གཉིས་པའི་ཚད་གཞིར་སླེབས་པ་དང་ཡུལ་སྐོར་གསང་སྤྱོད་གསར་པ་བསྐྲུན་ཚད་Aརིམ་པ་ཡན་གྱི་ཚད་གཞིར་སླེབས་རྒྱུ། གསུམ་ནས་མི་མང་འདུ་འཛོམ་བྱེད་སར་ལག་པ་བཀྲུ་བྱེད་སྒྲིག་བཀོད་ཀྱི་གྲངས་འབོར་འདང་ངེས་དང་། ལྷུ་ལག་ཆ་ཚང་། དོ་དམ་ཚད་ལྡན་བཅས་ཡིན་རྒྱུ། བཞི་ནས་བཟའ་བཏུང་ཞབས་ཞུ་བྱེད་གནས་ཀྱི་ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས་མངོན་གསལ་བྱུང་དགོས་པ་དང་། བཟའ་བཏུང་ཡོ་བྱད་གཙང་མ་ཡིན་པ། ལས་ཀ་བྱེད་མཁན་བདེ་ཐང་ཡིན་པ།  མང་ཚོགས་ཀྱི་བཟའ་བཏུང་འཛད་སྤྱོད་བློ་བདེ་བ་དང་། སེམས་བདེ་བ། བག་ཕེབས་བཅས་ཡོང་བར་འགན་ལེན་བྱེད་རྒྱུ།   ལྔ་ནས་སྤྱི་པའི་འདུ་གནས་སུ་གཙང་སྦྲ་དུག་སེལ་ཡོངས་སུ་ཁྱབ་པ་དང་། གནམ་གྲུ་ཐང་དང་། འགྲུལ་སྐྱེལ་འབབ་ཚུགས།  ཚོང་ར། གློག་བརྙན་ཁང་། སློབ་གྲྭ་སོགས་འཕྲོད་བསྟེན་དོ་དམ་གྱི་ཚད་གཞི་ལོན་རྒྱུ། དྲུག་ནས་ཞིང་ལས་ཉོ་ཚོང་ཚོང་རའི་“བཙོག་ཟིང་ཞན་གསུམ་”གྱི་ད་ལྟའི་གནས་ཚུལ་རྩ་བ་ནས་བསྒྱུར་ཏེ་གཙང་ཞིང་གྲ་འགྲིག་པོ་ཡིན་རྒྱུ། བདུན་ནས་བདེ་ཆེན་གྱི་བདེ་ཐང་དཔལ་ཡོན་གྱི་དར་སྲོལ་གསར་པ་ཁྱབ་གདལ་བཏང་ནས་གྲོང་མིའི་བདེ་ཐང་བྱང་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་རྒྱུ། བརྒྱད་ནས་ཁུལ་ཡོངས་ཀྱི་རྫོང་(གྲོང་ཁྱེར་)ཁག་རྒྱལ་ཁབ་ཀྱི་འཕྲོད་བསྟེན་རྫོང་མཁར་(གྲོང་ཁྱེར་)གྱི་ཚད་གཞིར་སླེབས་རྒྱུ་ཡིན་པ་རེད། 

        ཆེད་དོན་བྱ་སྤྱོད་བདུན་ནི་མངོན་མེད་གད་སྙིགས་ཁྱོན་ཡོངས་ནས་གཙང་སེལ་བྱེད་པའི་བྱ་སྤྱོད་དང་། སྤྱི་པའི་གསང་སྤྱོད་ཁྱོན་ཡོངས་ནས་ཚད་ལོན་བྱེད་པའི་བྱ་སྤྱོད། ལག་འཁྲུད་སྒྲིག་བཀོད་ཀྱི་ལེ་ལག་ཚང་བའི་བྱ་སྤྱོད། བཟའ་བཏུང་ཞབས་ཞུའི་ཁོར་ཡུག་འཕྲོད་བསྟེན་ཁྱོན་ཡོངས་ནས་ལེགས་སུ་གཏོང་བའི་བྱ་སྤྱོད། མི་མང་འདུ་འཛོམས་བྱ་ཡུལ་དུ་དུག་སེལ་གཙང་མ་བྱེད་རྒྱུ་ཡོངས་ལ་ཁྱབ་པ་བྱེད་པའི་བྱ་སྤྱོད། ཞིང་ཟོག་ཁྲོམ་རའི་ཁོར་ཡུག་འཕྲོད་བསྟེན་ཁྱོན་ཡོངས་ནས་ལེགས་སུ་གཏོང་བའི་བྱ་སྤྱོད། སྐྱོན་བྲལ་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་བཅས་ཚང་མ་ཞུགས་པའི་བྱ་སྤྱོད་བཅས་ཡིན་པ་རེད། དུས་རིམ་གསུམ་དུ་དབྱེ་ནས་སྤེལ་རྒྱུ་ཡིན་ཏེ། 2020ལོའི་ཟླ་7པ་ནི་སྐུལ་སློང་དང་བཀོད་སྒྲིག་གི་དུས་རིམ་ཡིན་པ་དང་། 2020ལོའི་ཟླ་8པ་ནས་ཟླ12པའི་བར་ནི་གཅིག་བསྡུས་བཅོས་སྐྱོང་གི་དུས་རིམ་ཡིན་པ། 2021ལོའི་ཟླ་1་པོ་ནས་ཟླ12པའི་བར་ནི་སྲ་བརྟན་མཐོར་འདེགས་ཀྱི་དུས་རིམ་ཡིན་པ་རེད། 

        རྒྱལ་གཅེས་འཕྲོད་བསྟེན་བྱ་སྤྱོད་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱེད་ཆེད།ཁུལ་རིམ་པས་ཁུལ་མི་དམངས་སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཙུའུ་ཀྲང་གི་འགན་འཁུར་བའི་བདེ་ཆེན་ཁུལ་གྱིས་རྒྱལ་གཅེས་འཕྲོད་བསྟེན་ལ་སྐུལ་འདེད་གཏོང་བའི“ཆེད་དོན་བྱ་སྤྱོད་7”གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་ཆེད་དོན་བྱ་སྤྱོད་ཀྱི་ལས་དོན་ཁག་ལ་སྤྱི་འདོམས་སྐུལ་འདེད་བཏང་བ་རེད། ལས་ཀའི་ཁྲོད་ཀྱི་གནད་དོན་གལ་ཆེན་མཐུན་སྦྱོར་དང་ཐག་གཅོད་བྱེད་དགོས་པ་དང་། རྫོང་དང་གྲོང་ཁྱེར་ཁག་གི་མི་དམངས་སྲིད་གཞུང་གིས་ཆེད་དོན་བྱ་སྤྱོད་སྒྲིག་འཛུགས་དང་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ།   ཁུལ་རིམ་པས་བབ་མཚུངས་ཀྱི་འགོ་ཁྲིད་མཐུན་སྦྱོར་ལམ་སྲོལ་འཛུགས་པ་དང་། དམིགས་ཚད་ལས་འགན་དབྱེ་འབྱེད་ཞིབ་ཕྲ་བྱེད་དགོས། སྲིད་གཞུང་གི་འགོ་ཁྲིད་གཙོ་བོས་ཆེད་དོན་བྱ་སྤྱོད་ལ་སྤྱི་ཡོངས་ནས་འགན་འཁུར་དགོས། བརྡ་ཐོའི་ནང་གོམ་སྟབས་རྗེས་མར་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་དང་རྫོང་དང་གྲོང་ཁྱེར་ཁག་གི་མི་དམངས་སྲིད་གཞུང་གིས་ད་དུང་ཆེད་དོན་བྱ་སྤྱོད་ཀྱི་དཔྱད་ཞིབ་གདེང་འཇོག་ལམ་སྲོལ་འཛུཊ་རྒྱུ་བསྟན་པ་རེད། (པདྨ་མཚོས་བསྒྱུར།)