ཁོར་ཡུག་སྲུང་སྐྱོབ་དང་ནང་ཆོས་བར་གྱི་འབྲེལ་བ།

རྩོམ་པ་པོ།   སྒྲོལ་མ་གཡང་འཛོམ།  ཡིག་བསྒྱུར།       དུས་ཚོད།   2020-08-20   རྩོམ་ཁུངས།   

        ངའི་བློ་སེམས་སུ་དད་པ་བྱེད་པ་ནི་མི་སུ་འདྲ་ཞིག་ཡིན་ཡང་མི་ཚེ་ཧྲིལ་པོའི་ནང་ཧ་ཅང་གལ་ཆེན་རེད་སྙམ་མོ། གང་ལགས་ཞེ་ན། གལ་ཏེ་མི་ཞིག་གི་ཆོས་ལུགས་གང་ལ་ཡང་དད་པ་མ་བྱེད་ན་མི་ཚེ་འདི་ནི་བུམ་པ་ཆག་སྐྱོན་ཤོར་བ་ལྟར་ཕུན་སུམ་ཚོགས་པ་ཞིག་ཡིན་མི་སྲིད།


        ནང་ཆོས་ནི་མུན་པ་སེལ་བྱེད་ཀྱི་སྒྲོན་མེ་ཡིན་ལ། ཟད་མཐའ་མེད་པའི་ཉོན་མོངས་བཅོམ་མཁན་ཡང་ཡིན། མུ་མཐའ་མེད་པའི་མཚན་མོའི་སྨག་སེལ་བའི་ཐོ་རེངས་སྐར་ཆེན་ཡང་ཡིན། ནང་ཆོས་ནི་འཛམ་གླིང་སྤྱི་ཡོངས་ཀྱི་ཆོས་ལུགས་ཆེ་ཤོས་བཞིའི་ཁྲོད་ཀྱི་ཡ་གྲལ་གཅིག་ཡིན་ལ། བོད་ཁུལ་དུ་དེ་ལ་དད་པ་བྱེད་མཁན་ཡང་མང་ཤོས་ཡིན། རང་རེའི་བོད་མི་རིགས་ལ་དཔེར་བཞག་ན། བོད་མི་ལྷན་རྒྱས་ཀྱི་ནང་པ་སངས་རྒྱས་ཆོས་ལ་དད་པ་བྱེད་ལ། ཕྱོགས་ཡོངས་ནས་བཤད་ན། ཆོས་ལུགས་དེ་ནི་ཤིན་ཏུ་ཁྱད་འཕགས་ཀྱི་ཆོས་ལུགས་ཞིག་རེད། དེར་བརྟེན་ངས་འདི་དང་ཁོར་ཡུག་སྲུང་སྐྱོབ་ཐད་ཀྱི་འབྲེལ་བའི་དཔེ་བརྗོད་འདྲེན་རྒྱུ་ཡིན།

        ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུ་ནི་དེང་སང་སྤྱི་ཚོགས་ཁྲོད་མིའི་རིགས་ཀྱི་ལས་འགན་གལ་ཆེན་ཞིག་ཡིན། ཕྱི་དངོས་པོའི་དཔལ་ཡོན་འཕེལ་རྒྱས་གཏོང་བ་དང་དུས་མཚུངས་སུ་ཁོར་ཡུག་ཀྱང་ཇེ་ལེགས་སུ་གཏོང་རྒྱུ་ནི་ང་ཚོའི་སྤྱི་ཚོགས་སྟེང་མེད་དུ་མི་རུང་བའི་བྱ་བ་ཞིག་ཡིན། ང་ཚོ་བོད་མི་རིགས་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་ཐབས་ནི་ནང་ཆོས་ལ་དད་པ་བྱེད་པ་དང་བྲལ་ཐབས་མེད། ནང་ཆོས་ལ་དད་པ་བྱེད་མཁན་མི་རྣམས་ཀྱི་ཉ་མི་ཟ་བ་དང་ཁ་ཤས་ཀྱི་ཤ་མི་ཟ་བ། སྲོག་གཅོད་མཁན་ཉུང་བ། དེ་མ་ཟད་རི་དྭགས་གཅན་གཟན། བྱ་རིགས། རྩྭ་རྩི་ཤིང་ལ་སོགས་པ་ལ་གནོད་འཚེ་མི་བྱེད་པ། ནང་ཆོས་ལ་དད་མཁན་གྱིས་ཧོར་ཟླ་བཞི་པ་ས་ག་ཟླ་བར་དཀར་ཟས་རྐྱང་རྐྱང་མཆོད་པ་དང་ཚོང་ཁང་ནས་ཉ་དང་སྲོག་ཆགས་གཞན་སོགས་ཉོས་ཏེ་ཚེ་ཐར་གཏོང་བ་སོགས་བྱ་བ་སྣ་ཚོགས་ཀྱིས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་གྱིན་འདུག  བྱ་བ་དེ་ཚོ་ཚང་མ་ནང་ཆོས་ལ་དད་པ་བྱེད་པའི་རྐྱེན་གྱི་ཡིན།

        ཕྱིའི་དངོས་པོའམ་རྒྱུ་ནོར་གྱི་ནུས་པ་དབྱར་ཆུ་རྒྱས་པ་བཞིན་ང་ཚོའི་བསམ་བློ་ནང་ཟིན་པའི་དུས་འདིར། མི་སུ་འདྲ་ཞིག་ཡིན་ཡང་ཆོས་ལ་དད་པ་བྱས་ན་བྱ་བ་གང་བྱེད་ཀྱང་ལས་སླ་པོར་འགྲོ་ངེས་ཡིན་པ་མ་ཟད།ནང་བསམ་པ་ཡང་འཕེལ་རྒྱས་གཏོང་ངེས་ཡིན། ཆོས་ལ་དད་པ་བྱེད་པ་ནི་མི་ཚེ་ཧྲིལ་པོའི་མདུན་བསྐྱོད་འགྲོ་བའི་འགུལ་ཤུགས་ཡིན་ལ། ནང་ཆོས་ལ་དད་པ་བྱས་རྗེས་གཞི་ནས་ཉོན་མོངས་ལས་འདས་ཐུབ་པས། ངས་ང་ཚོ་ཚང་མར་དད་པ་བཟང་པོ་ཞིག་ཐོབ་པར་སྨོན།