བོད་ཡིག་སྐད་རིགས་21ལ་སྒྱུར་ཐུབ་པའི་བོད་ཁུལ་གྱི་མ་ལག་ཐོག་མ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-08-19   རྩོམ་ཁུངས།    ཡོངས་འཛིན།

སྤྱི་ཟླ་8པའི་ཚེས་5ཉིན་གྱི་སྔ་དྲོར་མཚོ་ལྷོ་ཁུལ་ཡོངས་འཛིན་གཉོར་སྐྱོང་གླིང་དུ།ཐོན་མིའི་ལོ་ཙཱའི་ལས་སྒོ་གསར་འབྱེད་པ་སྟག་ལ་འབུམ་གྱིས་ཐོན་མིའི་ཡིག་སྒྱུར་མ་ལག་གི་སྒྲིག་རིམ་ངོ་སྤྲོད་བྱས་པར།རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་བར་ཕེབས་པའི་བོད་ཡིག་སྨྱན་སྦྱོར་བ་བརྒྱ་ལྷག་དང་འབྲེལ་ཡོད་འགོ་ཁྲིད་ཀྱིས་གསན་གཟིགས་གནང་བ་མ་ཟད།ཐོན་མིའི་ཡིག་སྒྱུར་མ་ལག་གི་གསར་གཏོད་རང་བཞིན་དང་ཐོལ་བརྒལ་རང་བཞིན་ལ་ངོ་མཚར་སྐྱེས་ཤིང་དགའ་བསུ་ཚད་མེད་ཐོབ། 

ཐོན་མིའི་ཡིག་སྒྱུར་གྱི་མ་ལག་འདི་ནི་བོད་ཡིག་ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཁྲོད་ཀྱི་མིས་བཟོས་རིག་སྟོབས་ཀྱི་གྲུབ་འབྲས་མངོན་གསལ་བླངས་པའི་སྐད་ཡིག་བརྗེ་རེས་ཀྱི་ཉེར་སྤྱོད་མ་ལག་ཅིག་ཏུ་ངོས་འཛིན་བྱས། མ་ལག་འདིས་འཛམ་གླིང་གི་གཙོ་རྒྱུགས་སྐད་རིགས་ཉེར་གཅིག་སྟེ། བོད་དང་རྒྱ། དབྱིན་ཇི་དང་ཉི་ཧོང་། ཀོ་རེ་ཡ་དང་ཧྥ་རན་སི། སི་པན་ཡ། ཨུ་རུ་སུ། ཨ་རབ། ཐེ་ལན། ཕུའུ་ཐུའོ་ཡ། སོག་པོ། འཇར་མན། ཧིན་རྡུ་ཉི་ཞི་ཡ། རྒྱ་གར། ཡུ་གུར། མ་ལེ་ཞི་ཡ། དབྱི་ཐ་ལི།ཀེ་རི་སི།ཧི་ལན།བལ་བོ་བཅས་ཀྱི་ཡི་གེ་ཕན་ཚུན་ལ་སྒྱུར་ཐུབ།བོད་སྐད་རང་རྒྱལ་གྱི་སྤྱི་སྐད་དང་སོག་སྐད།ཡུ་གུར་སྐད་བཅས་ལ་སྐད་ཆའི་ལམ་ནས་སྒྱུར་ཐུབ་ཀྱིན་འདུག་ཅིང་།སྐད་རིགས་བརྗེ་རེས་ཀྱི་ཚ་རླབས་དྲག་ཏུ་འཕྱུར་བའི་དེང་གི་འཚོ་བའི་ཁྲོད་ཀྱི་མི་རྣམས་ལ་བེད་སྤྱོད་ཀྱི་རིན་ཐང་གལ་ཆེན་བསྐྲུན་འདུག





    ཐོན་མིའི་ལོ་ཙཱའི་ལས་བཟོ་བ་དང་ཚབ་ཚོང་མི་སྣས་ཡུལ་དངོས་ནས་སྐུ་མགྲོན་ལ་མ་ལག་ངོ་སྤྲོད་བྱེད་བཞིན་པ། 

རྒྱུས་ལོན་པ་ལྟར་ན།མ་ལག་འདི་ནི་མཚོ་སྔོན་ཐོན་མིའི་ཆ་འཕྲིན་ཚན་རྩལ་ཚད་ཡོད་སྤྱི་གཉེར་ཁང་གིས་ལོ་ངོ་དུ་མའི་རིང་ཞིབ་འཇུག་བྱས་ནས་གསར་སྤེལ་བྱས་པ་ཞིག་རེད་ལ།བོད་ཁུལ་གྱི་ཆེས་ཐོག་མའི་སྐད་རིགས་མང་བོ་སྒྱུར་ཐུབ་པའི་བོད་ཡིག་གི་ཡིག་སྒྱུར་མ་ལག་གཅིག་པུ་ཆགས་འདུག སྤྱི་གཉེར་ཁང་འདི་ནི་མཚོ་ལྷོ་ཁུལ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་ལྟེ་གནས་སམ་ཡོངས་འཛིན་གཉོར་སྐྱོང་གླིང་གི་གཉོར་སྐྱོང་ཁེ་ལས་ཆེས་སྔ་མར་བདམས་འདུག་པ་དང་། མ་འོངས་པར་མུ་མཐུད་དུ་བོད་ཡིག་ཆ་འཕྲིན་ལག་རྩལ་ཞིབ་འཇུག་དང་གསར་སྤེལ།གཞི་གྲངས་འཛུགས་སྐྲུན།མཉམ་འབྲེལ་དྲ་རྒྱའི་ཚོང་གཉེར།རྒྱ་བོད་ཡིག་སྒྱུར་སོགས་ཀྱི་ལས་སྒོ་ལ་ཤུགས་གདོན་རྒྱུ་རེད། 

ཐོན་མིའི་ཡིག་སྒྱུར་མ་ལག་གི་བྱེད་ནུས་དང་ཁྱད་ཆོས་མདོར་བསྡུས།


2020ལོའི་ཟླ་5བར་༼ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་རྒྱལ་ཁབ་པར་དབང་ཅུས་༽ནས་པར་དབང་ཐོབ།

1、བོད་ཡིག་འཛམ་གླིང་གི་གཙོ་རྒྱུགས་སྐད་རིགས་21ལ་སྦྲེལ་ཡོད།

2、བོད་སྐད་རང་རྒྱལ་གྱི་སྤྱི་སྐད་དང་སོག་སྐད་སོགས་ལ་སྦྲེལ་ཡོད།

3、ཐ་སྙད་དང་ཚིག་གྲུབ་གཉིས་ཀ་སྒྱུར་ཐུབ།

4、སྒྱུར་ཐེངས་རེར་ཡིག་འབྲུ་200སྡེབ་གཅིག་ལ་སྒྱུར་ཐུབ།

5、འགྱུར་ཡིག་གི་དག་ཚད་ཕལ་ཆེར་80%ལ་སླེབས་ཐུབ།

6、སྒྲ་དང་ཡི་གེ་ཟུང་འབྲེལ་སྒོས་སྒྱུར་ཐུབ།

7、པར་ངོས་རྒྱ་བོད་གང་རུང་ལ་བརྗེ་སྒྱུར་བྱ་ཆོག

8、རང་ཉིད་ཀྱི་ཡིག་སྒྱུར་ཟིན་ཐོ་ཉར་ཚགས་བྱ་ཐུབ་ལ་བསུབ་ཀྱང་ཆོག 


སྐད་རིགས་བརྗེ་རེས་ཀྱི་ཚ་རླབས་ཇེ་ཆེར་སོང་བ་དང་བསྟུན། རང་རེའི་སྤྱི་ཚོགས་ཁྲོད་དུ་ཡང་བོད་སྐད་དེ་སྐད་རིགས་གཞན་དག་ལ་བརྗེ་རེས་བྱེད་པའི་རེ་བ་དང་དགོས་མཁོ་ཇེ་ཆེར་འགྲོ་བར་དམིགས་ནས་མ་ལག་འདི་གསར་སྤེལ་བྱས་པ་ཡིན།སློབ་མ་དང་ཡིག་སྒྱུར་བ།ཚོང་བ།གཞུང་ཞབས་པ་དང་ལྗོངས་རྒྱུ་བ་སོགས་ལས་རིགས་སོ་སོའི་མི་སྣ་སུ་ཞིག་གིས་མ་ལག་འདི་བཀོལ་སྤྱོད་བྱས་ཚེ་རང་གི་སློབ་སྦྱོང་དང་དཔེ་ཀློགཚོང་དོན།འབྲེལ་འཛུགས་སོགས་ཀྱི་བྱ་བཞག་ལ་རམ་འདེགས་མི་དམན་པ་ཞིག་བྱེད་ཐུབ་པར་གདོན་མི་ཟ་ཞིང་།བོད་ཡིག་གི་ཆ་འཕྲིན་ལག་རྩལ་སྔོན་ཐོན་ཅན་དང་སྟབས་བདེ་ཅན།གཞི་གྲངས་ཅན་དང་རིག་སྟོབས་ཅན།ཁེ་ལས་ཅན་བཅས་ཀྱི་ཕྱོགས་སུ་སྐྱོད་པར་རྟིང་སྐུལ་དང་བཀོལ་སྤྱོད་ཀྱི་རིན་ཐང་ཆེན་པོ་བསྐྲུན་ཡོད།

ཐོན་མིའི་ཡིག་སྒྱུར་མ་ལག་བཀོལ་སྤྱོད་བྱ་ཐབས།

ཐོག་མར་རང་གི་སྐད་འཕྲིན་དང་སྦྲེལ་རྗེས་ཁ་འབྱེད་ཨང་གྲངས་བླངས་ནས་ཐོ་ཨང་དང་གསང་གྲངས་ཐོ་འཇུག་བྱས་ན་ད་གཟོད་བཀོལ་སྤྱོད་བྱ་ཐུབ། 







1、བོད་ཡིག་གི་ཚེགས་དང་ཤད།ཕྲད།ཚིག་མཚམས་གཅོད་སྟངས་སོགས་ཚད་ལྡན་ཡིན་དགོས།མ་ཡིག་ལ་ཡིག་ནོར་དང་གཏགས་ནོར་ཤོར་ན་འགྱུར་ཡིག་ཀྱང་འགྱུར་ནོར་ཡིན།

2、རྒྱ་ཡིག་དང་དབྱིན་ཡིག་སོགས་སྐད་རིག་གཞན་དག་ཀྱང་རང་རང་གི་བརྡ་སྤྲོད་དང་མཐུན་དགོས་ལ་(,。;、?)རྟགས་འདི་དག་དང་ཚིགས་མཚམས་གཅོད་སྟངས་ཚད་ལྡན་ཡིན་དགོས།  མ་ཡིག་ལ་ཡིག་ནོར་དང་གཏགས་ནོར་ཤོར་ན་འགྱུར་ཡིག་ཀྱང་འགྱུར་ནོར་ཡིན།

3、མ་ཡིག་གི་ནང་དུ་ཡི་གེའི་ཁོངས་སུ་མི་གཏོགས་པའི་པར་ཆུང་དང་རྟགས་གཞན་པའི་རིགས་ཡོད་ན་བསུབས་

དགོས།གལ་ཏེ་མ་བསུབས་ན།མ་ཡིག་གི་བརྡ་སྤྲོད་དང་ཚིག་མཚམས་གཅོད་སྟངས་སོགས་ལ་གནོད་པས་འགྱུར་ཡག་པོ་མི་ཡོང་།

4、སྒྲ་བླངས་ནས་བསྒྱུར་ན་མདོ་དབུས་ཁམས་གསུམ་རང་རང་གི་སྐད་གསལ་ཞིང་དག་པའི་སྒོ་ནས་བཤད་དགོས། རྒྱ་སྐད་དང་སྐད་རིགས་གཞན་ཡང་དེ་བཞིན་ནོ།།

5、མ་ལག་འདི་བཀོལ་ནས་ཉིན་འགའ་འགོར་རྗེས་ད་གཟོད་མ་ལག་འདི་བཀོལ་ཐབས་ཀྱི་གསང་བ་མང་བོ་ཞིག་

རྙེད་ཐུབ།

6、བསྒྱུར་བྱའི་ནང་དོན་གྱི་ཆ་ནས་རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་བཅའ་ཁྲིམས་སོགས་ལ་འགལ་བའི་ནང་དོན་

བསྒྱུར་མི་རུང་།མ་ལག་ཐོ་འགོད་བྱེད་སྐབས་ཀྱི་གན་རྒྱ་བརྩི་སྲུང་བྱེད་དགོས།སྤྱི་ཚོགས་ཧྲིལ་བོའི་དགོས་མཁོ་དང་བསྟུན། མི་འདང་སའི་གནས་དག་འདི་ག་ནས་རིམ་བཞིན་གང་ནུས་ཀྱིས་གསར་བརྗེ་བྱ་ཆོག