རྒན་ལགས།

རྩོམ་པ་པོ།   བསྟན་འཛིན་སྒྲོལ་མ།  ཡིག་བསྒྱུར།       དུས་ཚོད།   2020-08-13   རྩོམ་ཁུངས།    སེམས་ཀྱི་ཉི་ཟླ་བོད་ཡིག་དྲ་བ།

        བདེ་ཆེན་ཁུལ་བོད་ཡིག་སློབ་འབྲིང་ནང་དགེ་རྒན་དང་སློབ་གྲོགས་ཚང་མ་ཐུན་མོང་གིས་ཁས་ལེན་པའི་མི་གཉིས་ནི་རྒན་འཇམ་དབྱངས་དང་རྒན་བསོད་རྡོ་ཞེས་འབོད་པའི་དགེ་རྒན་གཉིས་ཡིན།རྒན་བསོད་རྡོ་ནི་བསོད་ནམས་རྡོ་རྗེའི་མིང་ཆ་ཚང་ཡིན་ཡང་རྒན་བསོད་ནམས་རྡོ་རྗེ་ཞེས་འབོད་པའི་མི་གཅིག་ཀྱང་མེད།ཁོང་གཉིས་ནམ་ཞིག་བོད་ཡིག་སློབ་འབྲིང་གི་བོད་ཡིག་དགེ་རྒན་དཔུང་ཁག་ནང་བཞུགས་པའི་ལོ་ནི་ངས་མི་ཤེས། འོན་ཀྱང་ཁོང་གཉིས་ནི་བདེ་ཆེན་གྱི་མཐོ་སྒང་ཡུལ་གྱི་འོད་ཆེན་སྐར་མ་དང་འདྲ་བའི་མི་གཉིས་ཡིན།ལོ་༢༠༠༨ལོ་ཁོ་མོ་སློབ་གྲྭ་ཆེན་མོར་མཐར་ཕྱིན་ཐོན་རྗེས་སྟབས་ལེགས་པ་ཞིག་ལ་བདེ་ཆེན་བོད་ཡིག་སློབ་འབྲིང་དུ་རྒྱུགས་འཕྲོད་བྱས་ནས་བོད་ཡིག་དགེ་རྒན་ཞིག་བྱས་པའི་ལས་དབང་ཐོབ་པས་རྒན་ལགས་གཉིས་དང་མཉམ་དུ་བོད་ཡིག་སློབ་གསོའི་བྱ་གཞག་སྒྲུབ།ཡིན་ནའང་ཡིད་སྐྱོ་པའི་དོན་ནི་ངས་དམའ་འབྲིང་དང་མཐོ་འབྲིང་གཉིས་ཀ་བོད་ཡིག་སློབ་འབྲིང་ནང་སློབ་སྦྱོང་བྱས་མོད།ངའི་བོད་ཡིག་གི་རྨང་གཞི་དམའ་པས་བོད་ཀྱི་ལོ་རྒྱུས་དང་བོད་ཀྱི་རིག་གནས་སོགས་ཀྱི་ཤེས་བྱ་སྲབ་པས། དགེ་རྒན་ཞིག་ལ་མཚོན་ན་སློབ་མ་ལ་ཆུ་སྐྱོགས་གང་སྟེར་དགོས་བསམ་ན་སྔོན་འགྲོའི་ཆ་རྐྱེན་ནི་རང་ལ་ཆུ་ཟོ་གང་གི་ཆུ་ཡོད་དགོས་ཟེར་བ་ལྟར།   བདག་ནམ་རྒྱུན་གྱི་སློབ་ཁྲིད་བྱས་པའི་བརྒྱུད་རིམ་ནང་དཀའ་ལས་མང་པོ་འཕྲད་བྱུང་། སྐབས་རེས་ངས་གོ་མི་ཐུབ་པའི་གནད་དོན་འཕྲད་དུས་བློ་ཡུལ་ནང་ཐོག་དང་པོ་ཤར་བའི་མི་ནི་རྒན་འཇམ་དབྱངས་དང་རྒན་བསོད་རྡོ་ལགས་ཡིན། རྒྱུན་དུ་ངས་རང་ཉིད་ཀྱི་མ་གོ་བའི་གནད་དོན་ཁྱེར་ནས་ཁོང་གཉིས་ལ་དྲིས་དུས་རྒན་འཇམ་དབྱངས་ཡིན་ནའང་འདྲ།རྒན་བསོད་རྡོ་ཡིན་ནའང་འདྲ་སུན་སྣང་སྐྱེ་བའི་གནས་ཚུལ་ཐེངས་གཅིག་ཀྱང་མེད། སྐབས་འགར་གནད་དོན་མང་བའི་དབང་གིས་ཟ་མ་ཟ་བའི་དུས་ཚོད་འདས་སོང་པའི་ཚེ་ཁོང་གཉིས་གིས་ང་ཚོ་ལ་ཁོང་གཉིས་ཕ་ཡུལ་གྱི་ཟས་རིགས་ནང་ཧ་ཅང་ཞིམ་པོ་ཡོད་པའི་མངར་ཐ་བཟོས་ནས་སྟེར།

      བོད་ཡིག་སློབ་འབྲིང་ནང་ཁོང་གཉིས་ཀྱི་སློབ་ཚན་ནི་ཧ་ཅང་མང་།གཟའ་འཁོར་གཅིག་ནང་སློབ་ཚན་བཅུ་བདུན་ལྷག་ཡོད་པའི་སྟེང་དུ་ད་དུང་ང་ཚོས་ཁོང་གཉིས་ཀྱི་དུས་ཚོད་ལྷག་མ་ལ་བཟུང་སྤྱོད་བྱས་ནས་ཁོང་གཉིས་ཀྱི་ངལ་གསོ་ཆོག་པའི་དུས་ཚོད་གཅིག་ཀྱང་མེད་པའི་གནས་སུ་གྱུར།

     ཁོང་གཉིས་བོད་ཡིག་སློབ་འབྲིང་ནང་འོངས་ནས་བོད་ཡིག་སློབ་གསོའི་ལས་ཀ་བྱས་པའི་ལོ་བཅོ་ལྔ་ལྷག་པའི་ནང་ཁོང་གཉིས་རང་གི་ཆེས་གཞོན་པའི་ལང་ཚོ་རྟོགས་པའི་རིག་གནས་ཤེས་བྱ་ཐ་དག་སྦ་རྐུམ་མེད་པར་བདེ་ཆེན་ཁུལ་གྱི་བོད་ཡིག་སློབ་གསོ་ལ་འབུལ།ཁོང་གཉིས་བདེ་ཆེན་གྱི་སློབ་གསོ་ཆེད་དུ་རང་གི་ཡོད་ཚད་བློས་གཏོང་ཕོད་པའི་སྙིང་སྟོབས་ལྡན་ལ་བདེ་ཆེན་གྱི་མི་དམངས་ཚང་མས་སློབ་སྦྱོང་དང་མིག་དཔེ་བལྟ་དགོས་པ་རེད།                          

     ངའི་ཚེ་གང་བོའི་ལམ་སྟོན་གྱི་སྒྲོན་མེ་རྒན་ལགས་གཉིས་ལ་ཁོ་མོས་འདི་ནས་སྙིང་ཁོང་རུས་པའི་སྟེང་ནས་བཀའ་དྲིན་ཆེ་ཞུའོ།སླད་ཕྱིན་ཁྱེད་གཉིས་ཀྱི་ལུས་ལ་ན་ཚ་མེད་པ་དང་ཚེ་སྲོག་བྲག་ལས་སྲ་བ།མ་འོངས་པའི་མདུན་ལམ་དེ་བས་འོད་སྟོང་ལྡན་པར་སྨོན།