བོད་ཡིག་སྨྱན་སྦྱོར་གྲོས་ཚོགས་སྐབས་ཉི་ཤུ་པ་མདོ་སྨད་ཁྲི་ཀ་ནས་གྲོལ།

རྩོམ་པ་པོ།   པད་ཚེ། པདྨ་མཚོ།  ཡིག་བསྒྱུར།       དུས་ཚོད།   2020-08-07   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      ཟླ8པའི་ཚེས6ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ལྷན་ཚོགས་ཀྱིས་གཙོ་སྒྲུབ་གནང་ཞིང་། མཚོ་ལྷོ་ཚགས་པར་ཁང་དང་མཚོ་ལྷོ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་ལྷོ་བོད་ཡིག་ཆ་འཕྲིན་ལྟེ་གནས་དང་མཚོ་ལྷོ་མི་རིགས་སྐད་ཡིག་བྱ་བའི་ལྟེ་གནས་བཅས་ཀྱིས་སྒྲུབ་འགན་ཁུར་བའི་རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པ་མདོ་སྨད་ཁྲི་ཀ་རྫོང་མཁར་ནས་གྲོལ་བ་རེད།

     མཚོ་ལྷོ་ཚགས་པར་ཁང་གི་མགོ་གཙོ་དབྱང་ཁྲེང་ཏེ་ཡིས་མཇུག་སྒྲིལ་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་གྱིས་གསུང་བཤད་གནང་བ་རེད། ཐེངས་འདིའི་ཚོགས་འདུ་ཐོག་ཏུ༼རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས་ཉི་ཤུ་པའི་གསར་འགྱུར་བརྩམས་ཆོས་དཔྱད་འདེམས་ལས་ཀ་ཡག་པོ་བསྒྲུབ་དགོས་པའི་སྐོར་གྱི་བརྡ་ཐོ༽ཡི་བླང་བྱ་ལྟར། ཚགས་པར་དང་དུས་དེབ། རྒྱང་སྒྲོག་བརྙན་འཕྲིན། སྨྱན་སྦྱོར་གསར་པ་བཅས་ཀྱི་འགྲན་ཞུགས་བརྩམས་ཆོས356འབྱོར་ཞིང་། དཔྱད་ཞིབ་ཚན་ཆུང་སོ་སོས་དྲང་བདེན་དང་འདྲ་མཉམ་གྱི་རྩ་དོན་གཞིར་བཟུང་ནས་དཔྱད་འདེམས་ནན་མོ་བྱས་པར་བརྒྱུད་ནས་འགྲན་ཞུགས་བརྩམས་ཆོས320ལ་བྱ་དགའ་ཐོབ་ཡོད་པ་རེད། བརྡ་ཆད་གསར་པ504འབྱོར་ཞིང་། དེའི་ནང་དུ་བརྡ་ཆད་གསར་པ82ཞིབ་བཤེར་གཏན་འབེབས་བྱས་ཤིང་བོད་སྐད་ཡིག་རིག་གནས་ལས་ཁུངས་དག་གིས་གཅིག་གྱུར་དུ་སྤྱད་རྒྱུའི་ཐག་བཅད། དེ་དང་མཉམ་དུ་རྒྱུན་སྤྱོད་ཚིག་ཐུང31དང་དྲྭ་ངོས་དངAPPཔར་ངོས་སུ་བཀོལ་སྤྱོད་བྱ་རྒྱུའི་བརྡ་ཆད་གསར་པ193དཔྱད་གཞིའི་ཚུལ་དུ་ཕུལ་བ་རེད། 


མཚོ་སྔོན་ཉིན་རེའི་ཚགས་པར་ཁང་གི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཚེ་མགོན་གྱིས་གསུང་བཤད་གནང་བཞིན་པའི་ཚུལ།


མཚོ་ལྷོ་ཚགས་པར་ཁང་གི་མགོ་གཙོ་དབྱང་ཁྲེང་ཏེ་ཡིས་མཇུག་སྒྲིལ་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པའི་ཚུལ།




ཚོགས་རའི་ཡུལ་དངོས།

    ཚེ་མགོན་གྱི་གསུང་བཤད་ནང་དུ།རྒྱལ་ཡོངས་བོད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་འདི་སྐྱོན་བྲལ་བདེ་བླག་ངང་རྒྱུན་མཐུད་ཐུབ་པའི་ཆེད་དུ། གཅིག་ནི་འདུ་ཤེས་བཞི་ཇེ་དྲག་ཏུ་གཏང་བ་དང་། གདེང་ཚོད་བཞི་སྲ་བརྟན་དུ་གཏོང་བ། སྲུང་སྐྱོང་གཉིས་དོན་ཐོག་ཏུ་འཁྱོལ་ཐུབ་པ་བཅས་བྱས་ཐོག་སྨྱན་སྦྱོར་མཐུན་སྦྱོར་རྩ་འཛུགས་ཨུ་ལྷན་གྱི་འབྲེལ་ཡོད་སྒྲིག་ལམ་དང་བླང་བྱ་ནན་པོར་བསྲུང་དགོས། གཉིས་ནི་སྨྱན་སྦྱོར་སྡེ་ཁག་ཚང་མས་སྔར་ལས་ལྷག་པར་བརྩམས་ཆོས་ཀྱི་སྤུས་ཀ་ཇེ་ལེགས་སུ་གཏང་བར་ཤུགས་བརྒྱག་དགོས་པ་དང་། གསུམ་ནི་གཅིག་གྱུར་གཏན་འབེབས་བྱས་པའི་བརྡ་ཆད་གསར་པ་དག་མ་སྐུལ་དང་བླང་གིས་ཁྱབ་སྤེལ་དང་བེད་སྤྱོད་གཏང་དགོས། བཞི་ནི་ཚོགས་ཞུགས་མི་སྣ་ལ་ཚོད་འཛིན་ནན་པོར་བྱ་དགོས། ལྔ་ནི་སྒྲུབ་འགན་ཁུར་བའི་ལས་ཁུངས་ཀྱིས་བཀོད་སྒྲིག་བྱས་པ་ལྟར་ཆེད་དོན་བཅར་འདྲི་བྱ་ཡུལ་གྱི་གནས་ཚུལ་དག་སོ་སོའི་འཕྲིན་སྟེགས་སུ་དྲིལ་བསྒྲགས་ཤུགས་ཆེན་བྱ་དགོས་པའི་ཐུགས་རེ་གནང་བ་རེད།