ཤམ་བྷ་ལའི་རང་བྱུང་མཆོད་རྟེན།

རྩོམ་པ་པོ།   རྒན་བསོད་རྡོ།  ཡིག་བསྒྱུར།       དུས་ཚོད།   2020-08-06   རྩོམ་ཁུངས།    སེམས་ཀྱི་ཉི་ཟླའི་བོད་ཡིག་དྲ་བ།

      མི་ཡུལ་ན་ཆེས་མཛེས་སྡུག་ལྡན་པའི་ཤམ་བྷ་ལའི་མཆོད་རྟེན་ཁྱེད་ཀྱི་སྙན་པའི་གྲགས་པ་ནི་སྔར་ནས་ཐོས་འཛིན་གྱི་བཅུད་དུ་ལྷུང་ཞིང་། དངོས་སུ་ཡུལ་འདིར་འགྲུལ་བཞུད་དུ་བསྐྱོད་པའི་གོ་སྐབས་ཐེངས་ཤིག་བྱུང་བ་ན། ཁྱེད་ཀྱི་ངོ་མཚར་ཞིང་བརྗིད་ཆགས་པའི་སྣོད་བཅུད་ཀྱི་བཀོད་པས་ཡིད་སེམས་ཀུན་ནས་བཀུགས་ཏེ་ཁྱེད་ལ་བསྟོད་པའི་སྙན་ངག་ཅིག་ཀྱང་མི་འབུལ་ག་མེད་བྱུང་།  ཞོགས་པའི་ཉི་ཟེར་འཇམ་པོ་བརྗིད་ཆགས་པའི་བོད་ཁང་གི་རྩེ་ལ་འཕྲོས་ཤིང་དུ་སྤྲིན་སྔོན་མོ་མཁའ་ལ་འཕྱུར་བའི་སྣང་བརྙན་དེ་ཡང་ཅི་འདྲའི་ཡིད་དུ་འོང་བ་ཞིག་རེད་ཨང་། རང་བྱུང་མཆོད་རྟེན་གྱི་འདབས་ན་རྟ་ནོར་ལུག་གསུམ་བག་ཡེངས་ཀྱིས་འཚོ་ཞིང་རྒྱུ་ལ་བརྩེ་བ་སེམས་ལ་ཉར་བའི་རྫི་བོ་གཞོན་ནུ་དེས་ལ་གཞས་ཀྱི་འགྱུར་ཁུགས་སྙན་མོ་རྒྱང་རིང་གི་མཛའ་ན་མོར་ལེན་པ་དེ་སྐྱིད་ཨང་། ཁྱེད་དང་འབའ་ལྷ་དཀར་རྫོང་གི་གཏམ་རྒྱུད་ནི་ངོ་མཚར་མཛེས་སྡུག་ལྡན་ལ་འཇིག་རྟེན་འདིར་ཡ་མཚན་ཆེ་བའི་གྲོག་རོང་ཆེན་པོ་དེ་ཡང་ཡུལ་འདིའི་རྒྱན་དུ་ཆགས་པས་ཕྱོགས་བཞིའི་ཡུལ་སྐོར་བ་རྣམས་རྐང་དྲུག་བུང་བ་སྣ་བརྒྱའི་མེ་ཏོག་གི་བཅུད་ལ་ཆགས་པ་བཞིན་ཡུལ་འདིར་མ་བོས་མགྲོན་དུ་ཕེབས་ནས་ཁྱེད་ཀྱི་ངོ་མཚར་གྱི་ཡུལ་ལྗོངས་དང་རྨང་མཐུག་པའི་གནའ་བོའི་མི་རིགས་རིག་གནས་ལ་བསྟོད་པའི་མཐེ་བོང་སྒྲེང་བཞིན་ཡོད།  འབའ་ལྷ་དཀར་རྫོང་དང་འབའ་ལྷའི་མི་སེར་བར་ལ་ངོ་མཚར་ཅན་གྱི་གཏམ་རྒྱུད་མང་པོ་ཡོད་ལ་ཁྱེད་ཀྱིས་འཇིག་རྟེན་གྱི་མི་བུ་རེ་རེའི་སེམས་ཁམས་སུ་མཛེས་པ་རེ་རེ་ཕུལ་ཡོད།    འབའ་ལྷ་མི་དམངས་དང་ཁྱེད་ཀྱི་བརྩེ་བ་ནི་ཉ་ཆུ་ལྟར་སྣང་ཞིང་འབའ་ལྷ་མི་དམངས་ཀྱིས་ཁྱེད་ལ་བཅངས་པའི་བརྩེ་སེམས་ནི་དྭངས་གཙང་གི་ཁ་བཏགས་དཀར་པོ་ཞིག་དང་ཁྱད་པར་མེད་ལ་ཁྱེད་ནི་མི་ཡུལ་འདི་ངོ་མཚར་གྱིས་གྲུབ་པའི་ཁྱད་འཕགས་ཀྱི་མཆོད་རྟེན་དེ་ཡང་ཡིན་ནོ། །  

     རྔམ་ཞིང་བརྗིད་ལ་བབས་ཆགས་པའི་ཤམྦྷ་ལའི་རང་བྱུང་མཆོད་རྟེན་ལགས།  ངས་ནམ་ཡང་ཁྱེད་ཀྱི་མཛེས་སྡུག་ལ་བསྟོད་བསྔགས་འབུལ། ནམ་ཞིག་ཁོམ་ལོང་བྱུང་བའི་ཚེ་ན་ང་ཡང་བསྐྱར་ཁྱེད་ཀྱི་མཛེས་སྡུག་ལ་ལྟད་མོ་བལྟ་རུ་ཡོང་ངེས།