2020ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་ལི་ཐང་རྫོང་དུ་འགོ་ཚུགས་པ།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-30   རྩོམ་ཁུངས།    གངས་ལྗོངས་ཉི་གཞོན།

        སི་ཁྲོན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་བཙུགས་ནས་ལོ་ངོ་70འཁོར་བའི་དྲན་གསོའི་ཉིན་མོ་སླེབས་ལ་ཉེ་བའི་སྐབས་འདིར། སྤྱི་ཟླ་7ཚེས་29ཉིན། “གནས་མཆོག་དཀར་མཛེས་ཀྱི་ལྷན་འཛོམས། མཛེས་པའི་ཡུལ་ལྗོངས་ཉམས་སུ་སྤྱོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི་2020ལོའི་སི་ཁྲོན་དཀར་མཛེས་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་དེ“ནམ་མཁའི་གྲོང་ཁྱེར”ཞེས་མཚན་སྙན་གསོལ་བའི་ཁམས་ལི་ཐང་རྫོང་དུ་སྤེལ་འགོ་ཚུགས་ཤིང་། སྲིད་གཞུང་གི་སྡེ་དང་། ཡུལ་སྐོར་བའི་སྡེ། ལུས་རྩལ་པའི་སྡེ། རྩོམ་པ་པོའི་སྡེ། ཁེ་ལས་པའི་སྡེ། གསར་འགྱུར་ལས་རིགས་པའི་སྡེ་བཅས་ཀྱི་རྒྱལ་ཁབ་ཕྱི་ནང་གི་སྐུ་མགྲོན་སྟོང་ཕྲག་ལྷག་དང་ས་གནས་དེ་གའི་ལས་བྱེད་པ་དང་མང་ཚོགས་ཁྲི་4ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས། རྒྱལ་སྤྱིའི་རི་ཀླུང་ཡུལ་སྐོར་མནའ་འབྲེལ་གྱིས་ཐེངས་འདིའི་དུས་ཆེན་ཚོགས་འདུ་འཚོགས་པར་ཆེད་མངགས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད།

        ཤེས་རྟོགས་བྱུང་བར་གཞིགས་ན། སི་ཁྲོན་དཀར་མཛེས་ཀྱི་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་ནི་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་དང་སི་ཁྲོན་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་གིས་མཉམ་དུ་བསྐྲུན་པའི་ཡུལ་སྐོར་དུས་ཆེན་གྱི་བྱེད་སྒོ་ཆེ་གྲས་ཤིག་རེད། དེའི་སྔོན་དུ་དཀར་མཛེས་ཁུལ་གྱིས་རི་ཀླུང་རིག་གནས་ཡུལ་སྐོར་དུས་ཆེན་སྐབས་བཞི་བདེ་བླག་ངང་བསྒྲུབས་ནས་རི་ཀླུང་ཡུལ་སྐོར་དེ་དཀར་མཛེས་ཁུལ་རྒྱལ་ཡོངས་དང་གོ་ལ་ཧྲིལ་པོར་སྐད་གྲགས་ཆོད་པའི“གསེར་ཡིག་གི་བྱང་བུ”ཞིག་ཏུ་གྱུར་ཡོད། །