རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-29   རྩོམ་ཁུངས།    མཚོ་སྔོན་པོ་དྲ་བ།
གཅིག མཚམས་སྦྱོར་མདོར་བསྡུས།
རྒྱུད་སྡེ་དགོན་པ་ནི་པདྨ་རྫོང་དྷི་མདའ་ཡུལ་ཚོ་པན་ཆེན་སྡེ་བའི་ཁོངས་སུ་གནས་ཤིང་། མཐོ་ཚད་རྒྱ་མཚོ་ངོས་ལས་སྨི༣༣༨༣ཡས་མས་ཡོད་ལ། རྫོང་མཁར་དང་བར་ཐག་སྤྱི་ལེ༥༦ཡོད། དེ་ནི་མགོ་ལོག་ཨ་སྐྱོང་ཁང་རྒན་འཚོ་བའི་རོང་ཁུལ་གྱི་དགོན་པ་ཞིག་ཡིན། ཀརྨ་ཞྭ་དམར་སྐུ་ཕྲེང་བདུན་པ་ཡེ་ཤེས་སྙིང་པོའི་འཁྲུངས་གཞིས་ཡིན་ཞིང་། ཀརྨ་ཞྭ་ནག་སྐུ་ཕྲེང་བཅུ་བ་ཆོས་དབྱིངས་རྡོ་རྗེས་ངོས་འཛིན་གནང་བ་མ་ཟད་བོད་ལྗོངས་སུ་ཕེབས་བསུ་ཞུ་སྐབས། ཞྭ་དམར་སྐུ་ཕྲེང་བདུན་པ་ཡེ་ཤེས་སྙིང་པོའི་ཡབ་ཡུམ་གཉིས་ཀྱི་ཐུགས་དགོངས་ལྟར། ༡༦༥༠ལོར་དགོན་པ་འདི་ཉིད་གསར་བཞེངས་བྱས་པ་ཡིན། དགོན་འདི་ཉིད་བོད་བརྒྱུད་ནང་བསྟན་བཀའ་བརྒྱུད་པར་གཏོགས་ཤིང་དགོན་ནང་དུ་དུང་དཀར་སོགས་མིང་དུ་གྲགས་པའི་རྟེན་འགངས་ཆེན་ཡོད་པ་རེད། མ་དགོན་ནི་བོད་ལྗོངས་ཀྱི་སྟོད་ལུང་བདེ་ཆེན་རྫོང་སྣ་དཀར་ཞང་གི་མཚུར་ཕུ་དགོན་པ་ཡིན་ཞིང་། རྗེས་སུ་ལམ་ཐག་རིང་བའི་དབང་གིས་སི་ཏུའུ་ཆོས་ཀྱི་འབྱུང་གནས་དུས་སྐབས་ད་ལྟའི་སི་ཁྲོན་སྡེ་དགེ་རྫོང་དཔལ་སྤུངས་དགོན་པའི་བུ་དགོན་དུ་བསྒྱུར་ཅིང་། དེ་ནི་མགོ་ལོག་ས་ཁུལ་གྱི་ཆེས་སྔ་བའི་དགོན་པའི་གྲས་དང་། ཁུལ་ཡོངས་ཀྱི་བོད་བརྒྱུད་ནང་བསྟན་གྱི་བཀའ་བརྒྱུད་པའི་དགོན་པ་གཅིག་པུ་དེ་ཡང་ཡིན།
རྒྱུད་སྡེ་དགོན་ནི་རི་སྐེད་དུ་བཞེངས་ཡོད་ལ། ལྗོན་ཤིང་གི་གསེབ་ཏུ་གནས་ཤིང་། དེའི་རྒྱབ་ཕྱོགས་ཀྱི་མཐོ་ཞིང་བརྗིད་པའི་བྲག་དམར་རི་བོ་ནི་སངས་རྒྱས་སྨན་བླའི་གནས་རི་ཡིན་པ་དང་། རྒྱབ་རི་དང་ཅུང་ཐག་རིང་བ་ནི་ཚེ་རིང་མཆེད་ལྔའི་གནས་ཡུལ་ཡིན་ལ། ལུག་སེ་ལྷ་མོ་ནི་དཔལ་ལྡན་ལྷ་མོའི་ཆོས་ར་ཡིན། དགོན་པའི་མདུན་དུ་ཤར་ཕྱོགས་སུ་ལང་ལོང་བཞུར་བའི་སྨར་ཁོག་གཙང་བོ་ཡོད་ལ། མཐའ་འཁོར་དུ་གྲལ་འགྲིག་ལ་ཁྱད་ཆོས་གཞན་དང་མི་མཚུངས་བའི་བོད་ཁྱིམ་གྱི་ཤིང་ཁང་ཆུང་ཆུང་མང་པོས་ཁྱབ་ཡོད། སྡེ་བའི་མདུན་གྱི་སྨར་ཁོག་གཙང་བོའི་འགྲམ་དུ་མཐོ་ཞིང་ཀྲོང་ངེར་ལངས་པའི་ལོ་ངོ་བརྒྱ་ཕྲག་སྔོན་གྱི་ཤུག་སྡོང་ཞིག་ཡོད་ལ། ས་གནས་མང་ཚོགས་ཀྱིས་དེ་ལ་གུས་པ་ཆེན་པོས་ཤུག་སྡོང་གི་མཐའ་འཁོར་དུ་མ་ཎི་རྡོ་བརྐོས་སྒྲིག་སྟེ་བཞག་ཡོད། ཆེས་སྔ་བའི་རྒྱུད་སྡེ་དགོན་དུ་ཀ་བ་བཞི་ཡིས་འདེགས་སྐྱོར་བྱས་པའི་འདུ་ཁང་གཅིག་ཡོད་ལ། དེའི་ནང་དུ་མཆོད་འབུལ་བྱས་ཡོད་པའི་ཐང་ག་དང་གསུང་རབ། ལྷ་སྐུ་སོགས་མང་ཆེ་བ་ཆོས་དབྱིངས་རྡོ་རྗེ་མཆོག་གིས་སྟོད་ལུང་མཚུར་ཕུ་དགོན་པ་ནས་གདན་འདྲེན་བྱས་པ་རེད། འདུ་ཁང་དུ་ད་དུང་སངས་རྒྱས་ཀྱི་ཞབས་རྗེས་དང་ཕྱག་རྗེས་ཕབ་ཡོད་པའི་རྡོ་ལེབ་གཉིས་ཀྱང་ཡོད།
རྒྱུད་སྡེ་དགོན་པ་ནི་ཞིང་ཆེན་རིམ་པའི་རིག་དངོས་གཙོ་གནད་སྲུང་སྐྱོབ་ལས་ཁུངས་ཡིན་པ་དང་། དགོན་པའི་སྤྱིའི་སའི་རྒྱ་ཁྱོན་མུའུ༡༥ཙམ་ཟིན་ཡོད། ད་ལྟ་འདུ་ཁང་གཉིས་དང་། མ་ཎི་འཁོར་ཁང་གཉིས། གྲྭ་ཤག་ལྔ་བཅུ། ཐང་ག་ཉི་ཤུ། ལྷ་སྐུ་ཉེར་ལྔ། མཆོད་ཆོས་བཅུ། གསུང་རབ་བམ་པོ་སུམ་བརྒྱ་སུམ་ཅུ། འཁོར་ཁྱམས་ལ་སྨི་བཞི་ཅུ། རྡོ་བརྐོས་རྡོ་རྩིག་གཉིས་ཙམ་བཅས་ཡོད། དགོན་པར་གློག་འདྲེན་སྐུད་ལམ་སྒྱུར་བཀོད་ལེགས་འགྲུབ་བྱུང་པ་དང་དགོན་པར་ཤར་གཏོང་ཐུབ་པའི་འགྲོ་ལམ་སྨི༦༠༠བསྐྲུན་ཟིན་པ། གཞུང་ལས་ཁང་གི་ཐོག་སོ་དང་པོར་སྨི་གྲུ་བཞི་མ༦༠ཡོད་པ་དང་། འདུ་ཁང་ཉམས་གསོ་ལེགས་འགྲུབ་བྱུང་ནས་གྲྭ་བཙུན་གྱི་ཉེན་ཡོད་སྡོད་ཁང་རྙིང་པ་ཚང་མ་བདེ་འཇགས་སྡོད་ཁང་རྣམ་གྲངས་ཀྱི་ཁྱབ་ཁོངས་ནང་བཅུག་ནས་སྲ་བརྟན་ཉམས་གསོ་བྱས་ཡོད་པ་རེད།
ད་ལྟ་གྲྭ་བཙུན་ང་ལྔ་དང་བླ་མ་གཅིག དགེ་སྐོས་གཅིག དགོན་པའི་དོ་དམ་ཚོགས་པའི་ཀྲུའུ་རིན་སྤྲུལ་སྐུ་ཀརྨ་རིག་མཆོག་དང་ཀྲུའུ་རིན་གཞོན་པ་སྤྲུལ་སྐུ་ཀརྨ་བསྟན་དར་རྣམ་གཉིས་ཡིན་ལ། དགོན་འདིའི་དད་འབངས་ནི་དྷི་མདའ་ཡུལ་ཚོའི་པན་ཆེན་སྡེ་བའི་རྗེ་བོ་དང་ཙིར་སྐྱིད། ཨ་དབུས། ས་ཁང་བཅས་གྲོང་བ་བཞི་རུ་ཁྱབ་ཡོད།
གཉིས། ལོ་རྒྱུས།
དགོན་པ་འདི་ཉིད་ནི་བོད་བརྒྱུད་ནང་བསྟན་གྱི་བཀའ་བརྒྱུད་པར་གཏོགས་པ་དང་སྤྱི་ལོ༡༦༥༠ལོར་གསར་བཞེངས་བྱས་པ་ཡིན་ཞིང་། ལོ་རྒྱུས་ཀྱི་རྒྱུན་རིང་བ་དང་དགོན་པའི་དགེ་འདུན་པས་གཙོ་སྦྱོང་ནི་ཕྱག་རྒྱ་ཆེན་པོ་ཡིན། ༡༩༥༨ལོར་འདུ་ཁང་ཆེ་ཆུང་གཉིས་དང་གྲྭ་ཤག་བཞི་ཅུ་ལྷག་ཡོད་ལ། དགོན་པར་གྲྭ་བ་ང་ལྔ(དེའི་ཁྲོད་བན་དེ་བཅུ་དང་དགེ་སྐོས་གཅིག)ཡོད། བླ་མ་རིག་མཆོག་དང་རྒྱུད་སྡེ་གཉིས་རིམ་པར་བྱོན། ལོ་རྒྱུས་ཀྱི་འཕོ་འགྱུར་དབང་གིས་དགོན་འདི་ཉིད་རིག་གསར་སྐབས་གཏོར་བཤིག་ཐེབས་ཤིང་། ༡༩༨༢དགེ་འདུན་པ་དང་མང་ཚོགས་ཀྱིས་མ་དངུལ་བསྡུས་ནས་དགོན་པ་བསྐྱར་སྐྲུན་བྱས་པ་ཡིན། ༡༩༨༣ལོར་དངོས་སུ་སྒོ་འབྱེད་བྱས་ཤིང་དེ་དུས་གྲྭ་བ་སོ་དྲུག་དང་བླ་མ་གཅིག དགེ་སྐོས་གཅིག འདུ་ཁང་གཅིག འཁོར་ཁང་གསུམ། གྲྭ་ཤག་སོ་དྲུག་དང་བཅས་ཁྱོན་སྡོམ་ས་མུའུ༡༥ཟིན་ཡོད། དགོན་པའི་དོ་དམ་ཚོགས་པའི་ཀྲུའུ་རིན་སྤྲུལ་སྐུ་ཀརྨ་རིག་མཆོག་དང་ཀྲུའུ་རིན་གཞོན་པ་རིག་བློ་རྣམ་གཉིས་ཡིན།
གསུམ། དོན་སྙིང་།
རྟེན་གསུམ་སྐོར་ལ་རྒྱལ་དབང་བཅུ་ཉིད་ཀྱི་ཕྱག་བཟོའི་དུས་གསུམ་སངས་རྒྱས་དང་། ཞྭ་དམར་ནག་ཟུང་སྐུ་འདྲ། གཞན་ཡང་རྗེ་བཅུ་བ་ཉིད་ཀྱི་གནང་བའི་གཟི་ཐང་དང་གསེར་འབུམ། སྒར་ཆེན་དུང་དཀར་རྒྱང་གྲགས་དང་རྟེན་གྷན་དྷོ་ལ་སོགས་དང་། མར་ལུགས་རྒྱུད་སྡེའི་ཐང་ག་ཀརྨ་སྒར་བྲིས་ངོ་མཚར་བ་སོགས་བཞུགས་ཡོད་པ་རེད། དེང་གི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་པདྨ་རྫོང་གི་རྒྱུད་སྡེ་དགོན་པ་ནི་ཡུལ་ཤུལ་ཁུལ་ལས་མངའ་ཁོངས་ཕྱི་རོལ་དུ་གནས་པའི་ཀརྨ་བཀའ་བརྒྱུད་པའི་དགོན་པ་གཅིག་པུ་དེ་ཡིན་ཞིང་།མགོ་ལོག་ས་ཁུལ་གྱི་ལོ་རྒྱུས་ཀྱི་རྒྱུན་རིང་བའི་དགོན་པའི་གྲས་ཤིག་ཀྱང་ཡིན། ས་གནས་དེ་གའི་ཐང་ཤུག་སྔོ་ཞིང་ཚང་ཚིང་དུ་སྐྱེ་ཞིང་། རོང་འབྲོག་ལས་མཉམ་གཉེར་བྱེད་པ། ཡུལ་ལྗོངས་མཛེས་ཤིང་ལྟ་ན་སྡུག་པ།ས་སྟེང་ཡོངས་སུ་སྐྱེས་བུ་དམ་པ་མང་པོ་འཁྲུངས་ཡོད།མཚན་གྲགས་སྙན་ཆེ་བའི་ཀརྨ་ཞྭ་ནག་སྐུ་ཕྲེང་བཅུ་བ་ཆོས་དབྱིངས་རྡོ་རྗེ(སྤྱི་ལོ༡༦༠༤ནས༡༩༧༢)མཆོག་དང་ཀརྨ་ཞྭ་དམར་སྐུ་ཕྲེང་བདུན་པ་ཡེ་ཤེས་སྙིང་པོ(སྤྱི་ལོ༡༦༣༡ནས༡༦༩༤)ཀརྨ་ཞྭ་ནག་སྐུ་ཕྲེང་བཅུ་གཅིག་པ་ཡེ་ཤེས་རྡོ་རྗེ(སྤྱི་ལོ༡༦༧༦ནས༡༧༠༢)རྣམ་གསུམ་ཀྱང་གནས་འདིའི་ཉེ་འཁོར་དུ་སྐུ་འཁྲུངས་པ་ཡིན།
བཞི། དགོན་པའི་སྒྲིག་ལམ།
༡.ཆོས་འདུལ་བའི་སྡོམས་ཁྲིམས་སྲུང་བ་དང་། བྱང་སེམས་དང་གསང་སྔགས་ཀྱི་དམ་ཚིག་དང་མི་འགལ་བ། ཐུན་མོང་རིག་གནས་དང་། ཐུན་མིན་མདོ་སྔགས་གཞུང་ལུགས་ལ་སློབ་གཉེར་དང་། ཉམས་ལེན་བྱེད་རྒྱུ།
༢.དགོན་པར་ཞུགས་རྗེས། དུད་ཆང་སོགས་བག་མེད་ཀྱི་བྱ་བ་མི་བྱེད་པ་དང་། ཞིབ་ཚགས་མིན་པའི་བྱ་བ་སྒྲུབ་མི་རུང་། དུས་ཚོད་ཀྱི་འཁོར་ཕྱོགས་དང་བསྟུན་ནས་སངས་རྒྱས་ཆོས་ཁང་དང་ཆོས་འཁོར་ལ་བསྐོར་བ་བྱེད་པ།
༣.འདུ་ཁང་དང་ལྷ་ཁང་དུ་རང་དགར་ངང་འགྲོ་མི་ཆོག
༤.དཔེ་ཆ་ཀློག་སྐབས། ལྷིང་འཇགས་ཀྱིས་ཀློག་དགོས་ལ། ངེས་པར་དུ་སྔོན་ལ་ལག་པ་གཙང་མ་བྱས་ནས་ལུས་གྲང་པོར་བསྡད་དེ་མདུན་ཅོག་སྟེང་དུ་བཞག་ནས་ལྟ་ཀློག་བྱེད་དགོས།
༥.དགེ་འདུན་པ་དང་དང་སྐུ་གསུང་ཐུགས་རྟེན་ལ་མཇལ་དུས། ལག་པ་ཐལ་མོ་སྦྱར་ནས་གུས་པ་ཆེན་པོའི་མཇལ་ཁ་ཞུ་དགོས།
༦.དགོན་པའི་ནང་གི་དྲིལ་དབྱངས་དང་། རྔ། ཅོང་སོགས་ལ་གང་འདོད་དུ་རྩེད་ཆས་བྱས་མི་ཆོག་ཅིང་གང་བྱུང་དུ་རེག་མི་ཆོག
༧.བླ་མས་ཆོས་གསུང་སྐབས། ཀུན་གྱི་རྗེས་སུ་འབྲང་ནས་ཕྱག་འཚལ་བ་དང་གུས་པས་སེམས་གཏད་ནས་ཉན་དགོས་ཤིང་། ངོ་ཤེས་ལ་ཁ་བརྡ་བྱེད་པ་དང་། གང་བྱུང་དུ་འགྲོ་འདུག་བྱེད་པ། གད་མོ་རྒོད་པ་སོགས་གཞན་ལ་ཤུགས་རྐྱེན་བཟོ་མི་རུང་། གལ་སྲིད་དམིགས་གསལ་གྱི་དོན་དག་ཡོད་ཚེ་སློབ་དཔོན་ལ་དགོངས་ཞུ་ཞུས་ཏེ་ལྷིང་འཇགས་ངང་ཕྱིར་འབུད་དགོས།
༨.མཁན་སྤྲུལ་དང་དགེ་འདུན་ལ་མཇལ་དུས། བླ་མར་ཡར་ཞུ་ཞུས་ནས་མཇལ་འཕྲད་བྱེད་དགོས་པ་ལས། རང་འདོད་ལྟར་གྲྭ་ཤག་གམ་ཡང་ན་འདུ་ཁང་དུ་འགྲོ་མི་རུང་།
༩.བྱམས་སྙིང་རྗེའི་འཇིག་རྟེན་ལ་ཕན་འདོགས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དད་ལྡན་མང་ཚོགས་ཀྱི་དཀའ་སྡུག་སེམས་ལ་འཆང་སྟེ། དད་ལྡན་མང་ཚོགས་ཀྱི་ཆོས་ལུགས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་བཅས་ནི་འགྲོ་བ་སེམས་ཅན་ཡོངས་ཐར་བའི་གོ་འཕང་ཐོབ་པར་བྱེད་པ་དང་། སེམས་ཅན་ཐམས་ཅད་བདེ་བར་འགོད་པ་དེ་ནི་མཐར་གཏུགས་ཀྱི་དམིགས་ཡུལ་ཡིན།