བོད་ལྗོངས་མཁའ་འགྲུལ་གྱིས་ལྷ་ས་ནས་ལན་ཀྲོའུ་དེ་ནས་གཟི་ཚྭ་སྡེ་དགུ་བར་གྱི་མཁའ་ལམ་གསར་བ་ཤར་གཏོང་བྱས།

རྩོམ་པ་པོ།     ཡིག་བསྒྱུར།       དུས་ཚོད།   2020-07-27   རྩོམ་ཁུངས།    ཀྲུང་གོའི་བོད་ཀྱི་དྲ་བ།

        ཚེས25ཉིན། བོད་ལྗོངས་མཁའ་འགྲུལ་གྱིས་ལྷ་ས་ནས་ལན་ཀྲོའུ་དང་དེ་ནས་གཟི་ཚྭ་སྡེ་དགུ་བར་གྱི་མཁའ་ལམ་དངོས་སུ་ཤར་གཏོང་བྱས་ཤིང་། ལན་ཀྲོའུ་དང་གཟི་ཚྭ་སྡེ་དགུ་ས་གནས་གཉིས་ཀྱི་གནམ་གྲུ་ཐང་གིས་མཁའ་ལམ་ཐོག་མ་ཤར་གཏོང་བྱས་པའི་མཛད་སྒོ་བསྡུས། འདི་ནི་ད་ལོར་ལས་ཐོན་བསྐྱར་ཚུགས་བྱས་པ་དང་ཞིང་ཆེན་བརྒལ་བའི་གནས་སྐོར་སླར་གསོ་བྱས་པ་ནས་བཟུང་། གཟི་ཚྭ་སྡེ་དགུའི་ཧོང་ལུང་གནམ་གྲུ་ཐང་གིས་མཁའ་ལམ་གསར་བ་ཐོག་དང་པོར་ཤར་གཏོང་བྱས་པ་ཡིན་ལ། 2003ལོར་གནམ་གྲུ་ཤར་གཏོང་བྱས་རྗེས་ཕྱོགས་གཉིས་ནས་བོད་ལྗོངས་དང་སྦྲེལ་བའི་མཁའ་ལམ་ཐོག་མའང་ཡིན།

        མཁའ་ལམ་གསར་བ་ཤར་གཏོང་བྱས་རྗེས་ལྷ་ས་ནས་ལན་ཀྲོའུ་དེ་ནས་གཟི་ཚྭ་སྡེ་དགུའི་བར་དུ་བར་སྣང་གི་ཟམ་པ་ཞིག་བསྐྲུན་ཡོད་ཅིང་། ས་གནས་དེའི་གནས་སྐོར་ཁྲོམ་རར་གསོན་ཤུགས་གསར་བ་བསྣན། བོད་ལྗོངས་མཁའ་འགྲུལ་ཚོང་གཉེར་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་པ་ལྟར་ན། “ལྷ་ས་ནས་ལན་ཀྲོའུ་དེ་ནས་གཟི་ཚྭ་སྡེ་དགུ་བར”གྱི་མཁའ་ལམ་གསར་བས་ཕྱོགས་གཅིག་ནས་ནུབ་བྱང་ས་ཁུལ་དུ་བོད་ལྗོངས་མཁའ་འགྲུལ་གྱི་མཁའ་ལམ་དྲ་རྒྱའི་སྒྲིག་བཀོད་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ་ས་གནས་དེའི་སྡོད་དམངས་ལ་ཡུལ་སྐོར་ཕྱིར་བསྐྱོད་ཀྱི་གདམ་ག་གསར་བ་མཁོ་འདོན་བྱས་པ་དང་། ཕྱོགས་གཅིག་ནས་ཁྲེང་ཏུའུ་དང་ཁྲུང་ཆིང་། ཞི་ཨན་སོགས་བརྒྱུད་དེ་གཟི་ཚྭ་སྡེ་དགུར་འགྲོ་བའི་སྲོལ་རྒྱུན་གྱི་ཡུལ་སྐོར་ལམ་ཐིག་གཏོར་ཏེ། ལྷ་ས་དང་གཟི་ཚ་སྡེ་དགུའི་གནས་སྐོར་ཁྲོམ་རའི་འགྲུལ་ཁུངས་རྒྱ་བསྐྱེད་པ་དང་། ས་གནས་གཉིས་ཀྱི་གནས་སྐོར་དཔལ་འབྱོར་སླར་གསོ་བྱུང་བར་སྐུལ་འདེད་བཏང་།

        རྒྱུས་ལོན་པ་ལྟར་ན། “ལྷ་ས་ནས་ལན་ཀྲོའུ་དེ་ནས་གཟི་ཚྭ་སྡེ་དགུ་བར”གྱི་དུས་གཏན་གནམ་གྲུ་ནི་གཟའ་འཁོར་རེའི་གཟའ་མིག་དམར་དང་། གཟའ་ཕུར་བུ། གཟའ་སྤེན་པ་བཅས་ལ་གཏོང་ཐེངས་རེ་ཡིན་པ་དང་། ཞིབ་ཕྲའི་དུས་ཚོད་ནིTV9887ཡི་དུས་གཏན་གནམ་གྲུ་ཆུ་ཚོད13:30སྟེང་ལྷ་ས་ནས་འཕུར་བཞིན་ཡོད་ཅིང་། ཆུ་ཚོད15:50སྟེང་ལན་ཀྲོའུ་རུ་འབྱོར་བ་དང་ཆུ་ཚོད16:40སྟེང་ལན་ཀྲོའུ་ནས་འཕུར་ཏེ་ཆུ་ཚོད་18:10ལ་གཟི་ཚྭ་སྡེ་དགུ་རུ་འབྱོར་བ་ཡིན། TV9888དུས་གཏན་གནམ་གྲུ་ཆུ་ཚོད19:00སྟེང་གཟི་ཚྭ་སྡེ་དགུ་ནས་འཕུར་བཞིན་ཡོད་པ་དང་། ཆུ་ཚོད20:30སྟེང་ལན་ཀྲོའུ་རུ་འབྱོར་བ་དང་ཆུ་ཚོད21:20ལ་ལན་ཀྲོའུ་ནས་འཕུར་ཏེ་ཆུ་ཚོད23:50སྟེང་ལྷ་སར་འབྱོར་བ་ཡིན།  །